མི་ཚེའི་ཤུལ་ལམ་ཐོག་སྐྱེས་ཕོ་མོ་ཇི་འདྲ་ཞིག་ཡིན་རུང་ཚང་མར་འོད་ཟེར་སྟོང་ལྡན་གྱི་འབད་བརྩོན་གྱི་ཕུགས་འདུན་རེ་ཡོད་ངེས། ལྷག་པར་དུ་མེས་རྒྱལ་ཁྱིམ་ཚང་ཆེན་མོ་གཅིག་ནང་འཚོ་བ་སྐྱེལ་བཞིན་པའི་སྐྱེས་ཕོ་མོའམ་ཡང་ན་རྒན་དར་གཞོན་གསུམ་སུ་ཞིག་ཡིན་རུང་མི་སོ་སོའི་ཕུགས་འདུན་ནི་རྒྱལ་ཁབ་ཀྱི་གཟི་ཁྲེལ་དང་གཅིག་ལ་གཅིག་བརྟེན་ཡིན་ལ་ཉ་ཆུ་ལྟ་བུ་བཞིན་སྦྲེལ་ནས་ཡོད། “རྒྱལ་ཁབ་དར་རྒུད་ཇི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད”ཞེས་པ་ལྟར་རྒྱལ་ཁབ་ཞི་བདེ་ལྷིང་འཇགས་དང་གྲ་རྒྱས་ཕུན་ཚོགས་ལྡན་ཚེ། ཁྱིམ་དུད་ཚང་མ་དེ་བཞིན་གྱི་བདེ་སྐྱིད་འཚོ་བ་ལོངས་སྤྱོད་བྱེད་ཐུབ་པ་དེ་རེད།
ཉིན་ལྟར་ཞོགས་པ་མཚམས་སྤྲིན་དང་ལྷན་དུ་བསྒྲེངས་བཞིན་པའི་སྐར་ལྔའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་མིག་ལམ་དུ་འཆར་དུས་འདས་ཟིན་པའི་ལོ་ངོ་བདུན་ཅུའི་གོང་རང་རྒྱལ་ལ་བརྙས་བཅོས་དང་ཧམ་བཟུང་གི་ལོ་རྒྱུས་དེ་རྡོ་ལ་རི་མོ་བཀོད་པ་བཞིན་བརྗེད་ག་ལ་སྲིད། ཕྱི་རྒྱལ་གྱི་བཙན་འཛུལ་བས་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་འཛེམ་བག་མེད་པར་ཁྲིམས་མེད་ལུགས་མེད་ངང་མི་བསད་རྟ་འཁྱེར་གྱི་ཕུང་དཀྲུག་ཚོད་མེད་བསླངས་ཏེ་ཀྲུང་གོ་བའི་ཡིད་ཀྱི་མེ་ལོང་ངོས་སུ་སུབ་ཐབས་བྲལ་བའི་ནག་ཉེས་ཆེན་པོ་བཞག་ཡོད་པ་རེད། དཔེ་ན། སྐྱུག་བྲོ་བའི་རི་པིན་འདྲེ་དམག་གིས་ཀྲུང་གོར་བཙན་འཛུལ་བྱས་ཏེ་གང་སར་སྲེག་གསོད་འཕྲོག་གསུམ་གྱི་བརྡབ་གསིག་ཆེན་པོ་བཟོས་པ་མ་ཟད། ད་དུང་དུས་འཐུང་གཟའ་འཁོར་གཅིག་གི་ནང་ཀྲུང་གོའི་ནན་ཅིན་དུ་ལག་ཏུ་གོ་མཚོན་ཁབ་ཙམ་ཡང་མེད་པའི་མི་སེར་ཁྲི་35ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པར་དམར་གསོད་བཏང་བ་རེད། དེ་སྔ་པེ་ཅིང་ཏུ་ལྷུན་དུ་ཆགས་པའི་ཡོན་མིང་སྐྱེད་ཚལ་ནི་དེང་སྐབས་འཛམ་གླིང་ཐོག་ཆེས་རྒྱ་ཆེ་ཤོས་དང་ཆེས་རིན་ཐང་ལྡན་ཤོས་ཀྱི་དངོས་མང་བཤམས་སྟོན་ཁང་དང་སྒྱུ་རྩལ་ཁང་གི་གྲས་ཤིག་ཡིན་མོད། འོན་ཀྱང་སྐབས་དེ་དུས་དབྱིན་ཇེ་དང་ཧྥ་རན་སེའི་མཉམ་འབྲེལ་དམག་གིས་རང་རྒྱལ་ལ་བཙན་འཛུལ་བྱས་ཏེ་དེའི་ནང་གི་རྒྱུ་དངོས་ཚང་མ་འཕྲོག་བཅོམ་བྱས་པ་མ་ཟད། ཡོན་མིང་སྐྱེད་ཚལ་དེ་ཉིད་མེར་བསྲེགས་བཏང་ཏེ་ད་ཆ་མིང་ཙམ་མ་གཏོགས་མཐོང་རྒྱུ་མེད་པར་གྱུར། ཡོན་མིང་སྐྱེད་ཚལ་ནི་ངེད་ཀྲུང་ཧྭ་ཡི་གྲངས་ལས་འདས་པའི་བུ་ཕྲུག་གི་དཀའ་ཚེགས་དང་བློ་གྲོས་དུ་མ་འདུས་པའི་འབྲས་བུ་ཞིག་ཡིན། བཙན་འཛུལ་པའི་གཏུམ་དྲག་གི་རྣམ་པ་དང་། སྨྱོ་ཧམ་ཆེ་བའི་ཁྲེལ་དགོད་དེ་དག་ལས་བཙན་འཛུལ་པའི་མི་གཤིས་དང་བྲལ་བའི་འདྲེ་གཟུགས་མངོན་སུམ་འཛེམ་མེད་དུ་མངོན་པ་དེ་རེད།
ད་ཆ་ང་ཚོ་ཚང་མ་ཞི་བདེ་ལྷིང་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་ང་ཚོས་དུས་ནམ་ཡང་“རྗེས་ལུས་ནི་ཉེས་རྡུང་ཕོག་པའི་གཞི་ཡིན”ཞེས་པའི་ཉམས་མྱོང་བརྗེད་མི་སྲིད་ལ་རྒྱལ་ཁབ་ཀྱི་མཚན་ཤས་དེ་བས་བརྗེད་མི་རུང་། གནའ་མིས་“དཀའ་སྤྱད་འབད་བརྩོན་བྱས་ན་འཚོ་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱས་ན་འཇིགས་པར་གྱུར”ཞེས་པ་ལྟར་ང་ཚོས་རྒྱལ་ཁབ་ཀྱི་མཚན་ཤས་སྙིང་རུས་ཁོག་པའི་གཏིང་ལ་བཅངས་ནས་དེ་ཉིད་ལས་དོན་ཁག་འཕེལ་རྒྱས་ཀྱི་འགུལ་ཤུགས་སུ་གྱུར་བ་བྱས་ཏེ་ཤུགས་སྐྱེད་སྟོབས་སྤེལ་དང་། ཡག་ཐོག་ཡག་བརྩེགས། དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྱད་བསད་སོགས་མེས་རྒྱལ་འཛུགས་སྐྲུན་གྱི་འགན་འཁྲི་ལྕི་པོ་མ་སྐུལ་དང་བླངས་ངང་ཕྲག་ཐོག་ཏུ་འཁུར་དགོས།
འདས་ཟིན་པའི་ལོ་ངོ་70ཕྱིར་མིག་བལྟས་ཚེ། ངེད་ཀྲུང་གོ་བའི་སྡུག་བསྔལ་དང་འགོག་རྒོལ། འཚོ་སྡོད་དང་མདུན་བསྐྱོད། གསར་གཏོད་དང་རྩལ་འཐབ་སོགས་ལ་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་རླབས་ཆེན་བྱ་གཞག་གཏོད་པའི་སྙིང་སྟོབས་དེ་ང་ཚོས་དུས་ནམ་ཡང་མི་བརྗེད་པར་ཁོང་རྣམ་པའི་བླ་ན་མེད་པའི་སྙིང་སྟབས་དེ་ང་ཚོ་རྗེས་རབས་པའི་བྱ་གཞག་གསར་གཏོད་ཀྱི་འགུལ་ཤུགས་ཤིག་ཏུ་གྱུར་བ་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས།