དབུ་ཤོག>གསར་འགྱུར།
  • ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་མཐའ་མཚམས་སྐྱོང་བ་དང་བོད་བརྟན་ལྷིང་ཡོང་བ་བྱེད་པའི་དྲང་ནུས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-02

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་རྗེས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་འཕྲལ་མར་བརྡ་ཐོ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ངལ་རྩོལ་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པའི་སྐོར་ལ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་ལ་བརྩེ་སེམས་ཟབ་མོ་བཅངས་བ་མཚོན་པའི་ཐོག་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་བྱམས་བརྩེའི་ཐུགས་ཁུར་གནང་བ་ཡང་མཚོན་ཡོད།

    རྒྱལ་ཡོངས་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་དགོས་པ་མ་ཟད། མངོན་གསལ་དོད་པའི་གནས་བབ་དང་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་འཇོག་པའི་ཐོག་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་འབྲེལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་འཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་དང་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གཉིས་འགན་ལེན་བྱ་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱི་ལོ་རྒྱུས་བྱས་རྗེས་དང་ངལ་རྩོལ་དཔེ་བཟང་བའི་ཁྱད་དུ་འཕགས་པའི་ལེགས་སྐྱེས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བཟོ་ཚོགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ངལ་རྩོལ་གོང་ན་བཀུར་བ་དང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་འཕེལ་རིམ་ཁྲོད་བཟོ་པའི་གྲལ་རིམ་གྱི་འགོ་ཁྲིད་གྲལ་རིམ་གྱི་གནས་བབ་མཐའ་འཁྱོངས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། བྱང་ཚད་མཐོ་བའི་ངལ་རྩོལ་དཔེ་བཟང་བའི་དཔུང་ཁག་ཆེན་པོ་སྐྱེད་སྲིང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་དང་མཐར་ཕྱིན་པ་སྦྱོང་དགོས་པ་མ་ཟད། སེམས་སུ་ཟུག་ཐུབ་པ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བླང་བྱ་གཞིར་བཟུང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་སྟངས་འཛིན་ནན་པོ་བྱེད་པ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་དང་བཟོ་ཚོགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ལས་བཟོ་ཚོར་མཐུན་སྒྲིལ་དང་ལས་བཟོ་སྐུལ་སློང་བྱས་ཏེ་དཀའ་སྤྱད་ངལ་རྩོལ་དང་། ཟོལ་མེད་ཀྱི་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་སྒྲུབ་དགོས་པ་དང་། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་ཁོང་ཚོའི་བློ་གྲོས་དང་སྟོབས་ཤུགས་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐོག་གཅིག་ཏུ་སྒྲིལ་དགོས་པ། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གཞི་རྩའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ་དང་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དེ་བས་མང་བ་དང་གཞུང་དྲང་གི་སྒོ་ནས་ལས་བཟོ་མང་ཚོགས་ཚོར་ཁྱབ་པ་བྱེད་དགོས་པ། ལས་བཟོའི་བྱང་ཚད་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ཏེ་ཤེས་བྱ་དང་། ལག་རྩལ། གསར་གཏོད་བཅས་ལྡན་པའི་ངལ་རྩོལ་པའི་དཔུང་ཆེན་ཞིག་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། སྙིང་རུས་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱེད་པ། རང་རྟོགས་ངང“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པ། ལས་བཟོ་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་ནས་བཟོ་ཚོགས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་རབས་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་རྒྱུའི་མདུན་ལམ་གྱིས་མི་སེམས་ལ་སྐུལ་མ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དང་ཡུན་རིང་བརྟན་ལྷིང་དང་། མུ་མཐུད་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཀྱི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱ་རྒྱུ་དེ་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཀྱི་ལེགས་སྐྱེས་དང་ཁ་འབྲལ་ཐབས་མེད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བློ་སེམས་གཅིག་སྒྲིལ་དང་དཀའ་གནད་འགག་སྒྲོལ་བྱེད་པ་དང་འབྲེལ་སྒྱུར་འཕེལ་བརྟན་གསུམ་གྱི་གཙོ་ཤུགས་དམག་ཡག་པོ་ཞིག་བྱས་ཏེ་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ངལ་རྩོལ་གཟི་བརྗིད་ཀྱི་རླབས་ཆེན་གྱི་ལེའུ་ཞིག་དང་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་བརྗིད་ཆེའི་ལེའུ་ཞིག་བརྩམས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།