ཡིད་རྟོན་ནི་མི་དང་མིའི་དབར་ལ་བསམ་པ་རྣམ་དག་དང་ཡིད་ཆེས་བྱེད་པ་ཞིག་ཡིན་ལ། ལས་རིགས་ཁག་དང་ལྷག་པར་དུ་ཚོང་པའི་མ་མཐའི་ཚད་གཞིའང་ཡིན། འོན་ཀྱང་ལོ་ཤས་རིང་། “ཡིད་རྟོན”དེ་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་པའི་ཁྲོམ་རའི་དཔལ་འབྱོར་ནང་མཐོང་དཀོན་པོར་གྱུར་ཡོད། ཐ་ན་མི་རྣམས་ཀྱི་སེམས་ནང“གནས་མཆོག”ཡིན་པའི་བོད་ལའང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་ཆབས་ཅིག་མགོ་སྐོར་བཏང་ནས་ཉོ་སྒྲུབ་བྱེད་དུ་བཅུག་པ་དང་ཡུལ་སྐོར་བའི་ས་ནས་མགོ་སྐོར་གཡོ་ལེན་བྱེད་པའི་སྣང་ཚུལ་ཟང་ཟིང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད།
དེར་བརྟེན་ལྷ་ས་གྲོང་ཁྱེར་གྱིས་ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་དཔྱད་འདེམས་བྱེད་སྐབས་སྨྱུག་འཛིན་པས་སེམས་གཏིང་ནས་དེར་བསྔགས་བརྗོད་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་སྲུང་སྐྱོང་བྱ་ཆེད། ན་ནིང་ལྷ་ས་གྲོང་ཁྱེར་གྱིས་དཔྱད་འདེམས་བྱས་པ་བརྒྱུད་ཁྱད་ཆོས་ལྡན་པ་དང་བསྔགས་བརྗོད་ཐོབ་པའི་ཉོ་སྒྲུབ་ཚོང་ཁང་4ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་ཁག་དང་པོའི་གྲས་སུ་བཅུག་ཡོད། འདི་ལོ་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཉོ་སྒྲུབ་ཚོང་ཁང་ནང་ཡིད་རྟོན་ཚོང་ཁང་ཁག་གཅིག་མུ་མཐུད་འོས་སྦྱོར་དཔྱད་འདེམས་བྱས་ནས་བར་སྐོར་གྱི་ཡིད་རྟོན་ཉོ་སྒྲུབ་ཁྲོམ་གཞུང་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་རེད། གནས་ཚུལ་དེ་ང་ཚོའི་ངོས་ནས་བརྗོད་ན་དགའ་འོས་པ་ཞིག་རེད། ཟ་སྡོད་སྐྱོད་སྐོར་ཉོ་རྩེད་ཀྱི་ཡུལ་སྐོར་ནང་དོན་དྲུག་པོའི་ནང“ཉོ”ཞེས་པ་དེས་གནས་བབ་གལ་ཆེན་བཟུང་ཡོད། བློ་བདེ་པོའི་ངང་ཉོ་སྒྲུབ་ཐུབ་ཚེ་གཞི་ནས་ཡུལ་སྐོར་ལ་སྤྲོ་སྣང་ཡོང་སྲིད། ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་ཁྱབ་གདལ་བཏང་ཚེ་གཞི་ནས་ཡུལ་སྐོར་བས་ཟ་སྡོད་སྐྱོད་སྐོར་ཚང་མ་ལོངས་སྤྱོད་བྱེད་ཐུབ་ལ་གཞི་ནས་ལྷ་ས་དང་ཐ་ན་བོད་ཀྱི་ཡུལ་སྐོར་ཁོར་ཡུག་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ་ངེས་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་4ཡི་གཉེར་སྐྱོང་གནས་ཚུལ་ལ་བལྟས་ན། ཚོང་ཁང་བཞི་པོར་ཉོ་སྒྲུབ་ཀྱི་རྩོད་གཞི་དང་ཞུ་གཏུག་གང་ཡང་བྱུང་མེད། འདི་ལོའི་དཔྱད་འདེམས་བྱེད་སྒོའི་ནང་ཉོ་སྒྲུབ་ཚོང་ཁང་གིས་རང་འགུལ་ངང་མིང་བཀོད་རྗེས་དཔྱད་བསྡུར་སྐར་རྒྱག་བྱས་ནས་ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་འདེམས་པ་དང་འབྲེལ《ཡུལ་སྐོར་ཉོ་སྒྲུབ་ཚོང་ཁང་གི་ཡིད་རྟོན་ཁས་ལེན་ཡི་གེ》བཞག་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཡོད། ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་འདེམས་པའི་བྱ་ཐབས་ཡག་པོ་ཡོད་ཀྱང་ཇི་ལྟར་བྱས་ནས་ཡིད་ཆེས་ཐོབ་པ་དང་ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་དུ་བདམས་རྗེས་སྦྱིན་བདག་གིས་ཁས་ལེན་སྲུང་ཐུབ་མིན་དེ་ལས་སླ་པོ་ཞིག་གཏན་ནས་མིན། ཡིད་རྟོན་ཡོད་མེད་གཙོ་བོ་དེ་ལྟ་སྐུལ་དོ་དམ་ལ་ཐུག་ཡོད། ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་དེ་ཡག་པོ་གཉེར་བར་ཁས་ལེན་ཡི་གེའི་ཐོག་མིང་བཀོད་པ་ཙམ་མིན་ལ“ལྷ་སའི་ཡིད་རྟོན་ཉོ་སྒྲུབ་དཔེ་སྟོན་ཁེ་ལས”ཞེས་པའི་མཚན་སྙན་དེའང་ཚེ་གང་ལམ་ལུགས་སུ་འགྱུར་རྒྱུ་མིན། ཡིད་རྟོན་ཉོ་སྒྲུབ་ཚོང་ཁང་དུ་བདམས་རྗེས་རྟག་དུ་བསྐྱར་བཤེར་བྱེད་དགོས་ལ་གཉེར་སྐྱོང་བྱེད་སྐབས་ཡིད་རྟོན་གྱི་རྩ་དོན་ལས་བརྒལ་ཚེ་ངེས་པར་དུ་མཚན་སྙན་མེད་པ་བཟོ་བ་དང་འབྲེལ་ཆད་པ་ནན་པོ་གཅོད་དགོས་པ་སྨྱུག་འཛིན་པས་ངོས་འཛིན་བྱེད་ཀྱི་ཡོད།
ཡིད་རྟོན་ཡུལ་སྐོར་ནང་ཉོ་སྒྲུབ་དེ་ཕྱོགས་གཅིག་རང་རེད། སྨྱུག་འཛིན་པས་འབྲེལ་ཡོད་སྡེ་ཚན་གྱིས་གང་མགྱོཌ་བྱ་སྤྱོད་སྤེལ་ནས་བོད་དུ“ཡིད་རྟོན་ཡུལ་སྐོར་ལས་དོན་ཁང”དང་།“ཡིད་རྟོན་འགྲུལ་ཁང” “ཡིད་རྟོན་ཟ་ཁང”སོཌ་དེ་བས་མང་བ་ཐོན་པ་དང་རང་ལྗོངས་སུ་ཡིད་རྟོན་གཉེར་སྐྱོང་དང་གཞུང་དྲང་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དེ“ཡིད་རྟོན”དེ་བོད་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཕུད་པའི་ཡུལ་སྐོར་གྱི་མིང་བྱང་གཞན་ཞིག་ཏུ་འགྱུར་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།