དབུ་ཤོག>གསར་འགྱུར།
  • གྲོང་གསེབ་ཏུ་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད།

  •     རྩོམ་པ་པོ།  ཡན་ཏང་ཨེན་གྱིས།   |     སྤེལ་དུས།  2015-05-01

    ཉེ་བའི་ལོ་ཤས་རིང་། ཆབ་མདོས་གྲོང་གསེབ་གཞུང་ལམ་སྐྲུན་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་གྲོང་གསེབ་གཞུང་ལམ་སྐྲུན་པའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་དེའི་གནས་བབ་དང་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། གྲོང་གསེབ་ཀྱི་གཞུང་ལམ་ནི་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་ཕྱུག་འགྱུར་གྱི་ལམ་བུ་དང་། འབྲེལ་འདྲིས་ཀྱི་ཟམ་པ་ལྟ་བུར་གྱུར་ཡོད། ཡིན་ན་ཡང་དེ་དང་དུས་མཚུངས་སུ་ང་ཚོས་ཆབ་མདོའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཁྲོད་སྤུས་ཚད་ཀྱི་འདུ་ཤེས་ཞན་པ་དང་། ལག་རྩལ་མི་སྣ་མི་འདང་བ། སྤུས་ཚད་ལ་ལྟ་སྐུལ་བྱེད་ཤུགས་མི་འདང་བ། བདག་སྐྱོང་དོ་དམ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ་ཤེས་དགོས།

    བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྤུས་ཚད་འདུ་ཤེས་ཟབ་ཏུ་གཏོང་དགོས། མིག་སྔའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཁྲོད་འགོ་ཁྲིད་ཁ་ཤས་ཀྱིས་གཞུང་ལམ་སྐྲུན་སྐབས་དངོས་ཡོད་ཆ་རྐྱེན་ལ་མི་ལྟ་བར་གྲངས་འབོར་ཁོ་ན་ལས་སྤུས་ཚད་དམ་འཛིན་མི་བྱེད་པ་དང་། འཛུགས་སྐྲུན་གྱི་བརྒྱུད་རིམ་དང་ཚན་རིག་ལག་རྩལ་ལ་སྣང་ཆེན་མི་བྱེད་པར་ཧ་རི་ཧུ་རིའི་ངང་ལས་འགོ་འཛུགས་པ། ཨར་རྒྱག་ཚན་པའི་ལས་རིགས་ཀྱི་ཀུན་སྤྱོད་འདུ་ཤེས་ཞན་རྐྱེན་ཨར་པོ་རྒྱག་སྐབས་རྒྱུ་འཕྲི་སླ་བཅོས་བྱེད་པ་བཅས་ཀྱི་གནས་ཚུལ་ཐོན་བཞིན་ཡོད། སླད་ཕྱིན་གྱི་ཆབ་མདོའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལས་འགན་སྔར་བཞིན་ལྗིད་པོ་ཡོད་པས། ངེས་པར་དུ“ ལོ་བརྒྱའི་ཇུས་ཆེན་སྒྲུབ་པར་སྤུས་ཚད་ཨང་དང་པོར་འཛིན་པའི”བསམ་བློ་བཙུགས་ཐོག་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཇུས་འགོད་ཞིབ་ཚགས། ཨར་རྒྱག་ནན་ཏན་བཅས་བྱས་ནས་སྤུས་ཚད་འགན་ལེན་གྱིས་ཞིང་འབྲོག་མང་ཚོགས་ཚོ་བདེ་འཇགས་བློ་བདེའི་ལམ་དུ་སྐྱོད་ཐུབ་པར་བྱེད་དགོས།

    ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ནས་མ་དངུལ་གྱི་འབྱུང་ཁུངས་མང་དུ་གཏོང་དགོས། གྲོང་གསེབ་གཞུང་ལམ་སྐྲུན་མགྱོགས་སུ་གཏོང་བའི་གནད་འགག་དེ་མ་དངུལ་དོན་ཐོག་ཏུ་འཁྱོལ་ཐུབ་མིན་ལ་ཐུག་ཡོད། ང་ཚོས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་བསྡུ་སྒྲིལ་གནད་དོན་སྐོར་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཐོག་ཐབས་ལམ་དང་། རིམ་པ། རྣམ་པ་བཅས་མང་བའི་གྲབས་གཤོམ་ལམ་དུ་བསྐྱོད་དེ་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་ཀྱིས“ རྒྱལ་ཁབ་ཀྱིས་མ་འཇོག་ཏོག་ཙམ་བྱེད་པ་དང་། ས་གནས་ཀྱིས་གྲབས་གསོག་ཏོག་ཙམ་བྱེད་པ། སྤྱི་ཚོགས་ཀྱིས་ཞལ་འདེབས་ཏོག་ཙམ་རྒྱག་པ། མང་ཚོགས་ཀྱིས་མ་དངུལ་ཏོག་ཙམ་གཏོང་བའི” བྱེད་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས་སྤྱི་པའི་ནོར་སྲིད་ཀྱི་སྒྲོམ་གཞིའི་འོག་སྲིད་གཞུང་གིས་མ་འཇོག་བྱེད་རྒྱུར་གཙོ་ཁྲིད་དུ་བྱེད་པ་དང་། ཞིང་པས་མ་དངུལ་གྲབས་གསོག་ཧུར་ཐག་བྱེད་པ་མ་ཟད་ངལ་ནུས་ཧུར་ཐག་འདོན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་མ་འཇོག་བྱེད་སྟངས་སྣ་མང་ཅན་གྱི་སྒྲིག་སྲོལ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།