དབུ་ཤོག>གསར་འགྱུར།
  • ནེ་པ་ལ། ཤུགས་རྒྱོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-30

    གལ་ཏེ་གོད་ཆག་ནི་མུན་ནག་ཞིག་ཡིན་ཕྱིན། ང་ཚོ་ནི་དེའི་ཁྲོད་ཀྱི་རྒྱུ་སྐར་ཆུང་ངུ་ཞིག་ཡིན་སྲིད། མ་གཞི་འོད་མདངས་འཕྲ་ཡང་། མང་པོ་ལྷན་དུ་འགྲོགས་ཚེ་མུན་ནག་ལས་རྣམ་པར་རྒྱལ་ངེས། གལ་ཏེ་དཀའ་སྡུག་ནི་མྱ་ངམ་ཐང་ཆེན་ཞིག་ཡིན་ཕྱིན། ང་ཚོ་ནི་དེའི་ཕྲོད་ཀྱི་ཆུ་ཐིགས་ཕྲ་མོ་ཞིག་ཡིན་སྲིད། མ་གཞི་རྡོག་བུ་ཕྲ་ཡང་། དུ་མ་གཅིག་དུ་འདུས་ཚེ་ཚེ་སྲོག་གི་འབྱུང་རྩར་འགྱུར་ངེས། གལ་ཏེ་གནོད་འཚེ་ནི་བདུད་རླུང་འཚུབ་བེ་བ་ཞིག་ཡིན་ཕྱིན། ང་ཚོ་ནི་དེའི་ཁྲོད་ཞུམ་པ་མེད་པའི་ཤིང་སྡོང་ཉག་ཅིག་ཡིན་སྲིད། མ་གཞི་ཉག་མ་ཕྲ་ཡང་། མ་བྲལ་ལྷན་དུ་འགྲོགས་ཚེ་གསོན་ཤུགས་ཀྱི་རེ་བས་ཁེངས་ངེས། དེ་དང་འདྲ་བར། མ་གཞི་གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས་ནས་མི་ཀུན་གྱིས་བྱམས་བརྩེའི་ཕྱག་ཟུང་འགྲེང་ཚེ་དཀའ་སྡུག་ཇི་ལྟར་ཆེ་ཡང་དེ་ལས་རྣམ་པར་རྒྱལ་ངེས།

    སྤྱི་ལོ་2015ལོའི་ཟླ་བ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་རིམ་པ་8.1གི་གནོད་འཚེ་བྱུང་ཞིང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་20ཙམ་ཟིན་གྱི་ཡོད། མིག་སྔའི་བར། ནེ་པ་ལའི་གཞུང་ཕྱོགས་ཀྱི་གཞི་གྲངས་ལ་གཞིགས་ན། མི་5000ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་།གནོད་འཚེ་བྱུང་རྗེས། ཀྲུང་གོ་ཕྱོགས་ནས་ནེ་པ་ལར་མངག་གཏོང་བྱས་པའི་གེགས་འགོག་གེགས་སེལ་རུ་ཁག་ཚེས་26གི་ཐོ་རེངས་ཀྱི་ཆུ་ཚོད་6ཐོག་པེ་ཅིན་ནས་ཐོན་ཏེ་ནེ་པ་ལའི་གནོད་འཚེ་ཕོག་ཁུལ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་སྤེལ་ཡོད་པ་རེད། གེགས་སེལ་རུ་ཁག་ནི་སྔོག་བཤེར་རུ་མི་༦༢དང་། སྨན་པ་དང་ས་ཡོམ་ཆེད་ལས་མཁས་དབང་། ལག་རྩལ་འགན་ལེན་མི་སྣ་བཅས་ལས་གྲུབ་ཡོད་པ་རེད། ཁོང་ཚོས་སྔོག་བཤེར་དང་སྨན་བཅོས་བཅས་ཀྱི་སྒྲིག་ཆས་དང་སྦྱོང་བརྡར་བྱེད་མྱོང་བའི་ཁྱི་6བཅས་འཁྱེར་ཡོད། ཁོང་ཚོས་ནུས་ཤུགས་ཡོད་རྒུས་གནོད་འཚེ་འཕྲད་པའི་མི་སྐྱབས་ནས་གནོད་འཚེ་དང་རྨས་མ་གང་ཉུང་ཉུང་ཡོང་བ་བྱས་ཡོད། མིག་སྔར། གེགས་འགོག་གེགས་སེལ་གྱི་ལས་ཀ་ལེགས་པོ་སྤེལ་ནས་གནོད་འཚེ་ཕོག་པའི་མི་དམངས་ཀྱི་འཚོ་བ་རྒྱུན་གཏན་ཡོང་རྒྱུར་འགན་ལེན་བྱེད་བཞིན་ཡོད་པ་རེད།

    ནེ་པ་ལ་དང་ཀྲུང་གོ་ས་མཚམས་སྦྲེལ་ཡོད་པས། ནེ་པ་ལ་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གྲལ་ཤིག་ཡིན། ད་ཐེངས་གི་ས་ཡོམ་དྲག་པོ་དེ་བྱུང་རྗེས་ཆེས་མང་བའི་ཀྲུང་གོའི་དྲ་མི་རྣམས་ཀྱིས་ནེ་པ་ལའི་གནོད་འཚེ་ཕོག་པའི་མི་དམངས་ལ་དོ་སྣང་དང་སེམས་གསོ་བྱེད་པ། དེ་བཞིན་དེའི་སྐོར་གྱི་གསར་འགྱུར་རྒྱུད་བསྐུར་བྱེད་པ་སོགས་བྱེད་ཀྱི་ཡོད། མ་གཞི་གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས་ནས་མི་ཀུན་གྱིས་བྱམས་བརྩེའི་ཕྱག་ཟུང་འགྲེང་ཚེ་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ཀྱི་འཚོ་བ་གང་འགྱོགས་རྒྱུན་གཏན་དུ་འགྱུར་ངེས།

    རང་བྱུང་གི་གནོད་འཚེ་འགོག་ཐབས་མེད་ཀྱང་། མིའི་རིགས་མཐུན་སྒྲིལ་སྡོག་རྩ་གཅིག་ཏུ་འབྲེལ་བ་ལས་བྱུང་བའི་སྟོབས་ཤུགས་དེ་ནི་དཀའ་བ་ཀུན་ལས་རྣམ་པར་རྒྱལ་ཐུབ་པ་ཞིག་ཡིན། གོ་ལ་ནི་ང་ཚོ་ཀུན་གྱི་ཁྱིམ་ཡིན་པས། མ་གཞི་ཀྲུང་གོ་རང་ཉིད་ད་རེས་ས་ཡོམ་ཀྱི་གནོད་འཚེ་ཕོག་པའི་གནས་སུ་གྱར་ཡོད་ཀྱང་ད་དུང་ཧུར་བརྩོན་ངང་ནེ་པ་ལར་དཀའ་ངལ་ལས་གྲོལ་ཕྱིར་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། དེར་ང་ཚོས་སྐད་བཟང་མཐོན་པོས་“ནེ་པ་ལ་ཤུགས་རྒྱོབ། ཀྲུང་གོ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་གནས།”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།