དབུ་ཤོག>གསར་འགྱུར།
  • བོད་ལྗོངས་གསར་པ་ཡང་དག་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ།

  •     སྤེལ་དུས།  2015-04-24

    1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་བོད་ལྗོངས་སུ་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཆེན་པོ་བྱུང་ཡོད། 1951ལོར་བོད་ཞི་བའི་བཅིངས་འགྲོལ་བཏང་ཏེ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རྩ་མེད་བཟོ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཐུབ་ཡོད། 1959ལོར་བོད་དུ་ དམངས་གཙོ་བཅོས་སྒྱུར་བྱས་ཏེ་བོད་དུ་མི་ལོ་བརྒྱ་ཕྲག་རྒྱུན་མཐུད་བྱས་པའི་ཆོས་སྲིད་བཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དེ་དེར་མཇུག་སྒྲིལ་བ་རེད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་1978ལོ་ནས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་འགོ་ཚུགས་པ་དང་བོད་དུ་དེངས་རབས་ཅན་གྱི་འཛུགས་སྐྲུན་ཐད་གྲུབ་འབྲས་ཟམ་མི་ཆད་པ་ཐོབ་ཡོད། དུས་རབས་21པ་ནས་བཟུང་བོད་ཀྱི་འཕེལ་རྒྱས་མཆོང་སྐྱོད་ལྟ་བུ་བྱུང་ཡོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་མྱུར་ཚད་གསར་པ་བསྣན་ཡོད། ལོ་ངོ་60ལྷག་གི་འཛུགས་ སྐྲུན་བྱས་པའི་འཕེལ་རྒྱས་བརྒྱུད།  བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་པ་བྱུང་ནས་སྲོལ་རྒྱུན་གྱི་ཉམས་མདངས་ལྡན་ལ་དེངས་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བྱས་ཡོད།

    ལོ་མང་རིང་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལ་འབད་བརྩོན་དོན་གཉེར་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་འབད་བརྩོན་དོན་གཉེར་བྱས་ཏེ་ཐོན་སྐྱེད་གོང་འཕེལ་དང་མང་ཚོགས་ཀྱི་འབྱོར་ཕྱུག་ལྡན་པའི་འཚོ་བར་སྐུལ་མ་བཏང་ཡོད་ལ་དེ་བཞིན་མཐུན་སྒྲིལ་དང་། འབྱོར་ཕྱུག། དམངས་གཙོ། ཤེས་དཔལ་བཅས་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་འབད་བརྩོན་དོན་གཉེར་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་ཞིག་བསྐྱོད་འགོ་ཚུགས་ཡོད། ལམ་བུ་འདི་ནི་ཀྲུང་ཧྭ་མི་རིགས་འཆམ་མཐུན་གྱི་ལམ་བུ་ཞིག་དང་།  མི་རྣམས་རང་ཁྱིམ་རང་བདག་གི་ལམ་བུ་ཞིག།  མི་རིགས་ཁག་ཐུན་མོང་གོང་འཕེལ་དང་ཡར་རྒྱས་འགྲོ་བའི་ལམ་བུ་ཞིག་རེད། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལམ་བུ་ཞིག་རེད་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ལམ་བུ་ཞིག་ཀྱང་རེད།

    ལོ་ངོ་བཅུ་ཕྲག་རིང་། ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རྒྱལ་ཡོང་མི་རིགས་ཁག་གི་མི་དམངས་ཀྱི་རོགས་སྐྱོར་འོག། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་བྱས་ པ་བརྒྱུད་བོད་ལྗོངས་ཀྱི་འཕེལ་རྒྱས་ཆུ་ཚད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ་ལས་དོན་ཁག་གི་གྲུབ་འབྲས་ཟམ་མི་ཆད་པར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།2013ལོར་བོད་ཀྱི་སྤྱིའི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར་807.67ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6578ཟིན་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མའི་མི་རེའི་ཆ་སྙོམས་བཀོད་སྤྱོད་སྒོར་20023ཟིན་ཡོད་པ་རེད།  བོད་ལྗོངས་སུ་མི་མང་ཆེ་བ་དབུལ་པོའི་ཞྭ་མོ་ཕུད་ནས་གཞི་རྩའི་ཆ་ནས་འབྱོར་འབྲིང་གི་འཚོ་བའི་ཆུ་ཚད་ཏུ་སླེབས་ཡོད་པ་རེད། 

    ད་ཆ་རང་ལྗོངས་སུ་དེང་རབས་བཟོ་ལས་དང་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཕེལ་རྒྱས་བྱུང་ནས་རང་ལྗོངས་སུ་རིགས་མི་འདྲ་བའི་བཟོ་ལས་ཁག་ཉི་ཤུ་ལྷག་ཙམ་ཡོད་པ་དེསཁྱད་ལྡན་གྱི་དེང་རབས་བཟོ་ལས་མ་ལག་ཞིག་གྲུབ་ཡོད།  ཆུ་གློག་གཙོ་བོར་བྱས་པའི་ས་འོག་ཚ་ནུས་དང་།  རླུང་ནུས།  ཉི་ནུས་སོགས་ནུས་མང་ཕན་ཚུན་གསབ་པ་ལས་བྱུང་བའི་རྣམ་པ་གསར་པའི་ནུས་ཁུངས་མ་ལག་ཕྱོགས་ཡོངས་ནས་བཙུགས་ཟིན། 2014ལོར་རྩ་བའི་ཆ་ནས་རྫོང་དང་ཤང་ཁག་སོ་སོར་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ བ་དང་དེའི་ནང་ནས་རྫོང་62ལ་སྣུམ་ནག་གཞུང་ལམ་བསྐྲུན་པ། མཚོ་བོད་ལྕགས་ལམ་སྣུར་སྲིང་ལམ་ཐིག་སྟེ་ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད།  བོད་ཀྱི་དཔལ་འབྱོར་བརྒྱུད་རིམ་དེ་རིམ་བཞིན་སྒོ་རྒྱག་གི་རྣམ་པ་ནས་སྒོ་དབྱེ་དང་། མཁོ་འདོན་རང་བཞིན་ནས་བདག་གཉེར་རང་བཞིན་ལ་འཕོ་འགྱུར་ཕྱིན་ནས་འཕེལ་རྒྱས་ཀྱི་གོམ་བགྲོད་དེ་སྤྱིའི་ཆ་ནས་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་པ་རེད།མིག་སྔར། བོད་འདི་ཉིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དང་བསྐྱོད་བཞིན་པ་དེ་དེང་རབས་ཤེས་དཔལ་འཕེལ་རྒྱས་ཀྱི་དངོས་ཡོད་རེ་འདུན་དང་མིའི་རིགས་སྤྱི་ཚོགས་ཡར་ཐོན་གྱི་རྣམ་པ་དང་མཐུན་པ་མ་ཟད་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད་པས་དེས་བོད་ཀྱིས་བསྐྱོད་པའི་འཕེལ་རྒྱས་ཀྱི་ལམ་བུ་དེ་ཡང་དག་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།