མི་ཚེའི་ཁྲོད་གལ་ཆེ་ཤོས་ནི་གང་ཡིན་ཟེར་ན། མི་ལ་ལས་“བདེ་ཐང་ནི་ཨང་དང་པོ་ཡིན”ཟེར་བ་དང་། ལ་ལས་“མཛའ་གྲོགས་ནི་གལ་ཆེ་ཤོས་ཡིན”སོགས་ཟེར་བ་ཡིན། འོན་ཀྱང་། གལ་ཏེ་སྐྱེ་བོ་ཞིག་གིས་དྲང་བདེན་མ་བྱས་ན་ཕྱི་ཚུལ་ཇི་ལྟར་ལེགས་ཀྱང་སྙིང་པོ་མེད་པ་དང་། གྲོགས་པོ་མང་པོ་ཡོད་ཀྱང་ཁ་བྲལ་རྒྱུ་ལས་མ་འདས། དྲང་བདེན་ནི་མིའི་ཀུན་སྤྱོད་ཀྱི་རྩ་བ་ཡིན་ཞིང་། མི་ཞིག་ལ་གལ་ཏེ་དྲང་བདེན་མེད་ཚེ་ཁོ་བོས་ནམ་ཡང་མི་དང་མིའི་དབར་གྱི་ལྷད་མེད་བརྩེ་སེམས་མྱོང་བར་དཀའ།།
མི་རྣམས་ཀྱིས་“དྲང་བདེན་ནི་མི་ཞིག་གི་གོམ་པ་དང་པོ་ཡིན”ཟེར་བ་དང་། དྲང་བདེན་བཤད་ཚེ་མི་ཚང་མས་དྲང་བདེན་བྱེད་རྒྱུ་ནི་ལས་སླ་པོ་ཞིག་ཡིན་ཞེས་ཤོད་ཀྱི་ཡོད། འོན་ཀྱང་འགག་རྩའི་དུས་སུ་མི་ག་ཚོད་ཀྱིས་དྲང་བདེན་བྱེད་ཐུབ་བམ། མ་གཞི་“དྲང་བདེན”ཞེས་པའི་ཡིག་འབྲུ་གཉིས་བཤད་དུས་ལས་སླ་པོ་ཡིན། དེ་དངོས་སུ་ལག་ལེན་བྱེད་དགོས་ན་ང་ཚོས་སེམས་གཏིང་ནས་མངོན་འགྱུར་ཡོང་བ་བྱེད་དགོས། དྲང་བདེན་གྱིས་ཁ་གདན་ཚིག་གནས་དང་། ཁ་ཞེ་གཉིས་མེད། དྲང་གཏམ་བརྗོད་པ། དོན་དངོས་སྒྲུབ་པ། འུད་ཤོབ་མི་ཤོད་པ། རང་སྐྱོན་མི་འགེབས་པ་སོགས་མཚོན་གྱི་ཡོད། དྲང་བདེན་ནི་མི་གཞན་ལ་དྲང་བདེན་བྱེད་རྒྱུ་གཅིག་བུ་མ་ཡིན་པར་རང་ཉིད་ལ་དེ་བས་དྲང་བདེན་བྱེད་དགོས་ཤིང་། རང་གཞན་གཉིས་ཀར་མགོ་སྐོར་མི་གཏོང་བ། གཞུང་དྲང་མེད་པ་དང་། མི་གཤིས་ལ་གནོད་པ། རང་ཉིད་ལ་གནོད་པའི་ལས་ཀ་བཅས་བྱེད་རྒྱུ་མེད། ཡིན་ནའང་། རྫུན་གཏམ་ནི་ང་ཚོའི་ཉེ་འཁོར་དུ་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་། རྫུན་གཏམ་ཚང་མའི་རྒྱབ་ཏུ་རྟག་ཏུ་ངོ་སོ་དང་། ཁེ་ཕན་ཐོབ་རྒྱུ་སོགས་ཀྱི་རྒྱུ་མཚན་ལས་གྲུབ་ཡོད། རྫུན་མ་བཤད་པ་དེས་རང་ཉིད་ལ་གནས་སྐབས་ཀྱི་ཁེ་ཕན་ཐོབ་ཀྱང་དེས་ཁྱེད་ཀྱི་མི་གཤིས་ལ་བག་ཆགས་ངན་པ་འཇོག་གི་ཡོད། མི་ལ་དྲང་བདེན་མེད་ཚེ་འཚོ་བར་སྙིང་པོ་མེད་པ་དང་། མི་ལ་དྲང་བདེན་མེད་ཚེ་འཛམ་གླིང་རྙོག་འཛིང་དང་རྒྱལ་ཁབ་ཕན་ཚུན་ཡིད་ཆེས་མེད་པའི་གནས་སུ་གྱར་ངེས། དྲང་བདེན་ནི་མི་ཚེའི་རྣམ་འགྱུར་འཛིན་སྟངས་ཤིག་ཡིན་པ་དང་། དེ་ཡོད་ན། འཚོ་བའི་ཁྲོད་སྤྱི་ཚོགས་དང་མི་གཞན་དབར་འཆམ་མཐུན་ཡོང་བ་དང་། གཞི་ནས་ཡང་དག་པའི་མི་ཚེའི་ལམ་བུ་འཛིན་ཐུབ་ནས་དཀའ་ངལ་ཡོངས་ལས་རྒྱལ་ཐུབ།
དྲང་བདེན་ཡོད་ཚེ། ང་ཚོའི་ཚེ་སྲོག་ལ་རྣམ་པར་བཀྲ་བའི་འོད་ཟེར་འཕྲོ་བ་དང་། དྲང་བདེན་ཡོད་ཚེ། ང་ཚོ་ཚང་མའི་སེམས་ནང་སྤྲོ་སེམས་མཉམ་དུ་གནས་ཐུབ་ངེས།
ཉི་མ་ཕུ་སྒྲོན་གྱིས་བསྒྱུར།