དབུ་ཤོག
  • ཆུའི་སྦགས་བཙོག་གཙང་བཟོའི“ལས་དབང་དམག་འཐབ”ལ་རྒྱལ་ཁ་ལེན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2015-04-23

    ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་པར་འགྲེམས་བྱས་པ་རེད། འཆར་གཞིའི་ནང་2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བ་དང་ཆུའི་སྣོད་བཅུད་མ་ལག་ནུས་པ་སླར་གསོ་རགས་ཙམ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུ་དང་སྣོད་བཅུད་མ་ལག་འཁོར་རྒྱུག་ཡག་པོ་ཡོང་རྒྱུ་རེད།

    ཚེ་སྲོག་གི་འབྱུང་རྩ་དང་། ཐོན་སྐྱེད་ཀྱི་གཞི་རྒྱུ། སྣོད་བཅུད་ཀྱི་རྨང་གཞི་བཅས་ཡིན་པའི་ཆུ་ལ་བརྟེན་ནས་མིའི་རིགས་འཚོ་གནས་དང་སྐྱེ་འཕེལ་ཐུབ་ཡོད། ཆུའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་མི་ཚང་མའི་ཀྲུང་གོའི་ཕུགས་འདུན་དང་འབྲེལ་བ་ཡོད། འཆར་གཞི་ཁྱབ་བསྒྲགས་བྱས་པ་དེ་ནི་དམངས་ཀྱི་སེམས་དང་བསྟུན་པ་དང་། དམངས་ཀྱི་བློ་དང་མཐུན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་ཞིག་རེད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་འཕེལ་རྒྱས་མྱུར་པོ་བྱུང་མོད། འོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་ཆུའི་སྦགས་བཙོག་གི་དོན་རྐྱེན་སྣ་ཚོགས་ཐོན་ཡོད། ས་ཁོངས་རང་བཞིན་གྱི་ཆུའི་སྦགས་བཙོག་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་སོང་ནས་རང་རྒྱལ་གྱི་ཆུའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད།

    གཞི་གྲངས་བསྡོམས་རྩིས་བྱས་པ་ལྟར་ན། རང་རྒྱལ་གྱི་ས་ངོས་ཆུའི་ངོས་ནས་བརྗོད་ན། རྒྱལ་ཁབ་ཀྱིས་ལྟ་སྐུལ་ཚོད་འཛིན་བྱེད་པའི་ས་ངོས་ཆུ་བོ་9.2%ཀྱི་བེད་སྤྱོད་ནུས་པ་ཤོར་བ་དང་། མཚོ་མཚེའུ་གཙོ་བོ་24.6%སྦགས་བཙོག་ཏུ་འགྱུར་བའི་རྣམ་པ་ཞིག་ཐོན་པ། རྒྱལ་ཡོངས་ཀྱི་ས་འོག་ཆུ་བོའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་ས་ཚིགས་4778ཁྲོད་ཅུང་ཞན་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་བསྡུར་ཚད་43.9%ཟིན་ཡོད།

    ཛ་དྲག་ཆེ་བའི་དོན་དངོས་དེས་ང་ཚོར་ཆུའི་སྦགས་བཙོག་འགོག་བཅོས་བྱེད་དགོས་པ་དང་ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་དེ་མི་སྒེར་དང་། སྤྱི་ཚོགས། སྲིད་གཞུང་བཅས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ཕྱོགས་གཅིག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པར་བྱ་རྒྱུའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་བྱུང་ཁམས་ཀྱི་ཆོས་ཉིད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཆུ་ལ་གཞིགས་ནས་དགོས་མཁོ་གཏན་འཁེལ་བྱེད་པ། ཆུའི་གནས་ཚུལ་དང་བསྟུན་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དེ་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་དང་མཐུན་པར་བྱེད་དགོས་པ་དང་སྣོད་བཅུད་ཀྱི་ཆོས་ཉིད་དང་མཐུན་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་དང་ཁྲིམས་འགལ་རྣམ་གྲངས་སྣ་ཚོགས་ལ་ཆད་པ་ནན་པོ་གཅོད་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གཉིས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་རྒྱག་པ། ཆུའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། ཆུའི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྦགས་བཙོག་དངོས་རིགས་ཀྱི་བསྡོམས་འབོར་ཚོད་འཛིན་ལམ་ལུགས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁོར་ཡུག་གི་ཉམས་ཉེན་སྣ་ཚོགས་ཚོད་འཛིན་ནན་པོ་བྱེད་དགོས།

    ཆུའི་སྦགས་བཙོག་གནད་དོན་ནི་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཕུང་གསོག་ཐེབས་ནས་ཆགས་པ་ཞིག་ཡིན་པས་ཐེངས་གཅིག་ལ་གཙང་མ་བཟོ་ཐབས་བྲལ་བ་ཞིག་རེད། དེས་ན་ང་ཚོས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ་དང་། ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་འཛིན་པ། གཙང་བཟོ་བྱེད་སྟངས་ལེགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཙང་བཟོའི་ཕན་འབྲས་རིམ་བཞིན་ཆེ་རུ་གཏོང་དགོས། སེམས་ཐག་གཙང་བཅད་ཀྱིས་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་དོན་འཁྱོལ་དངོས་ཐུབ་པའི་ཁར་རིམ་བཞིན་སྐུལ་འདེད་བཏང་ན་ཆུའི་སྦགས་བཙོག་གཙང་བཟོའི་“ལས་དབང་དམག་འཐབ”ལ་རྒྱལ་ཁ་ལེན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།