ཀྲུང་གོ་ཞེས་པའི་ཤར་ཕྱོགས་སུ་ལྷུན་དུ་ཆགས་པའི་རྒྱལ་ཁབ་དེ་ནི་ལོ་ངོ་སྟོང་ཁྲག་གི་རིག་གནས་ལྡན་པའི་ཤེས་རིག་གི་གནའ་བོའི་རྒྱལ་ཁབ་ཞིག་ཡིན་པ་དང་། ཉིན་བཞིན་སྟོབས་ཤུགས་ཇེ་ཆེར་འགྲོ་བའི་ཀྲུང་གོའི་རྒྱབ་ཏུ་མི་སེམས་སྐྱོ་བའི་ལོ་རྒྱུས་ལྡན་ཡོད་དེ། སྟོབས་ཤུགས་ཆེ་བའི་མི་རིགས་དེར་ཧམ་ཤེད་བྱེད་མཁན་གྱི་བཙན་འཛུལ་པ་དྲན་སམ། རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་འཛེམ་བག་མེད་པར་ང་ཚོའི་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དྲན་སམ།
ད་ལོ་ནི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70 འཁོར་ཞིང་། དེ་ནི་འཛམ་གླིང་དམག་འཁྲུག་དང་པོའི་རྗེས་སུ་བྱུང་བའི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཁྱབ་ཆེ་བའི་དམག་འཁྲུག་ཞིག་རེད། མཐའ་མཇུག་ཏུ་ཀྲུང་གོ་དང་ཨ་མི་རི་ཁ། སུའུ་ལན་སོགས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་མི་དམངས་རྣམས་ཧྥ་ཤི་སིའི་བཙན་འཛུལ་པ་ལས་རྒྱལ་ནས་འཛམ་གླིང་ཞི་བདེའི་ངང་མཇུག་འགྲིལ། འོན་ཀྱང་ལོ་རྒྱུས་ཀྱིས་ང་ཚོར་བཞག་པ་ནི་དམག་འཁྲུག་དེའི་བརྒྱུད་རིམ་ཁྲོད་སྐྱི་གཡའ་བའི་འདས་ཟིན་པའི་བྱ་བ་དེ་ཙམ་མ་ཡིན་པར་སློབ་གསོ་དང་ཤུགས་སྐྱེད་སྟོབས་སྤེལ་དེ་ཡིན།
གནའ་མིས།“དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱེད་ན་འཇིག་པར་འགྱུར”ཞེས་པ་ལྟར ། ང་ཚོ་ཞི་བདེ་དང་བདེ་སྡོད་ཀྱི་སྤྱི་ཚོགས་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་རྣམས་ཀྱི་གཅིག་རྗེས་གཉིས་མཐུད། དཀའ་ངལ་ཁྱད་གསད། བཙན་འཛུལ་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་འདི་བྱུང་། ང་ཚོས་ཁོ་ཚོའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ག་ལ་བརྗེད་སྲིད། ལོ་རྒྱུས་སེམས་ལ་ངེས་ནས་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་མི་རིགས་ཀྱི་སྙིང་སྟོབས་ལ་བསམ་ཤེས་དང་དར་སྤེལ། ཞི་བདེ་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་རྒྱུ་མ་བརྗེད་པར་མི་ཚང་མས་ཞི་བདེའི་ཕུག་རོན་དང་ཞི་བདེའི་སྲུང་སྐྱོང་བ་ཞིག་བྱས་ན་གཞི་ནས་མེས་པོ་རྣམས་ཀྱིས་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བློས་གཏོང་བྱས་པ་དེ་སྟོང་ཟད་དུ་འགྲོ་མི་སྲིད། གལ་ཏེ་ང་ཚོས་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་ནས་དཀའ་སྤྱད་འབད་བརྩོན་མི་བྱེད་པ་དང་། ལོ་རྒྱུས་སེམས་ལ་མ་ངེས་ན་མེས་པོ་རྣམས་ཀྱི་བློས་གཏོང་ཆུད་ཟོས་སུ་བཏང་བ་དང་། སྔོན་ལམ་བསྐྱར་བགྲོད། སྐྱོ་གར་བསྐྱར་ཐོན། འདས་ཟིན་པའི་མུན་ནག་གི་བྱ་བ་དེ་སླར་ཡང་ང་ཚོའི་འཚོ་བའི་ནང་ཐོན་སྲིད། རྣམ་པ་དེ་ལྟ་བུ་ཞིག་མི་སུ་འདྲ་ཞིག་གིས་མཐོང་འདོད་ནམ།
མི་སེམས་སྐྱོ་བའི་འདས་དོན་དེ་དག་གིས་ང་ཚོ་ཀྲུང་ཧྭ་མི་རིགས་ཡར་ལངས་བྱས་ནས་གཞན་འོག་ཏུ་མི་ཚུད་པའི་སྔོན་བརྡ་གཏོང་གི་འདུག ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་ཤ་འཁོན་ལྷུག་བཤད་བྱེད་ཕྱིར་མ་ཡིན་པར་ཉེན་ཟོན་གྱི་དྲིལ་བརྡ་ཡུན་རིང་དུ་གྲགས་ཕྱིར་ཡིན། ལོ་རྒྱུས་ནི་ཆེས་ལེགས་ཤོས་ཀྱི་དཔེ་དེབ་ཞིག་ཡིན་པ་དང་། འདས་ཟིན་པའི་དྲན་གསོ་དེ་དག་ཕྱེ་དུས་རི་འགོག་དམག་འཁྲུག་གི་དཀའ་སྡུག་ལ་བསྐྱར་དྲན་བྱེད། དེས་ང་ཚོ་ཀྲུང་ཧྭ་ཡི་བུ་ཕྲུག་ཚང་མར་སྐུལ་མ་གཏོང་ཐུབ། “རྒྱལ་ཁབ་ཀྱི་མཚན་ཤས་མ་བརྗེད་པར་ཀྲུང་གོའི་ཕུགས་འདུན་སྐྲུན”ཞེས་པ་དེ་འབོད་ཚིག་ཙམ་མ་ཡིན་པར་དེ་ནི་ལོ་རྒྱུས་ཀྱི་འགན་འཁྲི་དང་ང་ཚོའི་འོས་འགན་ཡིན། ལོ་རྒྱུས་ལ་ཞིབ་ལྟ་བྱས་ནས་ལོ་་རྒྱུས་ཀྱིས་དཔང་པོ་བྱས་ན་གཞི་ནས་མ་འོངས་པར་ཁ་ཕྱོགས་ཐུབ།ལོ་རྒྱུས་མ་བརྗེད་པ་དང་རྒྱལ་ཁབ་ཀྱི་མཚན་ཤས་མ་བརྗེད་ན་གཞི་ནས་ཀྲུང་ཧྭ་ཡི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ།