དབུ་ཤོག>གསར་འགྱུར།
  • སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་བཏང་ནས་མི་སེར་གྱི་བདེ་ཐང་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཕེ་ཚུང་གིས།   |     སྤེལ་དུས།  2015-04-17
     སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ནུས་ཆེ་ཆུང་ནི་ས་གནས་འཕྲོད་བསྟེན་གྱི་འགན་ལེན་ནུས་པ་ཇི་ལྟར་ཡོད་མེད་ཀྱི་ཚད་ཐིག་གལ་ཆེན་ཞིག་རེད། ང་ཚོས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པའི་དགོས་མཁོ་བསྐངས་ནས་མི་སེར་གྱི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས།

    མིག་སྔར་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་རགས་ཙམ་བསྐྲུན་ཡོད་ཀྱང་མི་སྣ་མི་འདང་ཁར་ཆུ་ཚད་སྙོམས་པོ་མེད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་མེད། དེར་བརྟེན་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་ཞིག་འཛུགས་པར་ཤུགས་སྣོན་རྒྱག་དགོས། དེ་ཡང་སྒྲིག་གཞི་དོ་དམ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། དེའི་སྒྲིག་བཀོད་དང་སྒྲིག་ཆས་དང་ཞབས་ཞུའི་ཁོར་ཡུག་ཆ་རྐྱེན་ལེགས་སུ་གཏོང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དོ་སྙོམས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དམིགས་སའི་རང་བཞིན་གྱི་བདེ་ཐང་སློབ་གསོ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་དེ་འགོག་བཅོས་ཟུང་འབྲེལ་དང་། སྔོན་འགོག་གཙོ་བོར་བྱེད་པ། གནས་དྲུག་གཞི་གཅིག་བཅས་ཀྱི་སྤྱི་པའི་ཞབས་ཞུའི་སྐར་ཁུང་ཞིག་ཧུར་ཐག་སྐྲུན་དགོས། ཤེས་ལྡན་པ་ནང་འདྲེན་བྱེད་པ་དང་། ལས་གནས་ཐོག་གསོ་སྦྱོང་བྱེད་པ། རྒྱང་ཁྲིད་སློབ་གསོ་རྒྱག་པ། སྤེལ་རེས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ལས་གནས་ཐོག་ཡོད་པའི་འཕྲོད་བསྟེན་མི་སྣའི་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཉར་ཐུབ་པ་དང་སྤྱོད་ཐུབ་པའི་གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

    གཞན་ཡང་ད་དུང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དེང་གི་སྤྱི་ཚོགས་ནི་ཆ་འཕྲིན་ཅན་གྱི་དུས་རབས་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་བདེ་ཐང་ཡིག་ཚགས་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་པ། སྨན་བཅོས་འགན་བཅོལ་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ལམ་ལུགས། སྨན་ཁང་གི་དོ་དམ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་སྙན་ཞུ་དང་ཐག་གཅོད་བྱ་ཐབས་སོགས་ཐད་གློག་རྡུལ་གྱི་དྲ་རྒྱར་བརྟེན་དགོས་ལ་ཞབས་ཞུ་ཁག་ལའང་མཉམ་འབྲེལ་དང་སྤེལ་རེས་བྱེད་དགོས། དེར་བརྟེན་ཁྲེང་ཀོན་ཆུས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་གང་མགྱོགས་བསྐྲུན་རྒྱུ་ནི་དགོས་གལ་ཆེན་པོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།