དབུ་ཤོག>གསར་འགྱུར།
  • འགོ་ཁྲིད་ལས་བྱེད་པའི་སྒེར་གྱི་གནས་ཚུལ་ལ“དངོས་བཤེར་དངོས་ཞིབ”བྱེད་དགོས།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-16

    འགོ་ཁྲིད་ལས་བྱེད་པའི་སྒེར་གྱི་གནས་ཚུལ་གོང་ཞུ་བྱས་ཚུལ་ལ་ཀྲུང་དབྱང་རྩ་འཛུགས་པུས་འགོ་ཁྲིད་དེ་འཐེན་བཤེར་ཞིབ་དཔྱད་བྱེད་སྐབས“གནད་དོན་ཡོད་པའི་དཔོན་རིགས”ཁག་གཅིག་ཞིབ་བཤེར་ཐུབ་ནས་འབྲིང་རིམ་དོ་དམ་ལས་བྱེད་པར་གནས་སྤོར་བྱ་རྩིས་ཡོད་པའི་ལས་བྱེད་པ་ལྔ་དང་ཐིང་དང་ཅུས་རིམ་པ་དང་རྫོང་དང་ཁྲུའུ་རིམ་པའི་ཉམས་ཞིབ་བྱ་ཡུལ་ལས་བྱེད་པ་བཅུ་གྲངས་ཀྱི་གནས་སྤོར་ཐོབ་ཐང་མེད་པ་བཟོས་པ་རེད། འཐེན་བཤེར་ལམ་སྲོལ་དང་དེ་བཞིན་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བའི་ཐོག་ནས་འགོ་ཁྲིད་ལས་བྱེད་པའི་སྒེར་གྱི་གནས་ཚུལ་སྦ་གསང་དང་རྫུན་ཞུ་བྱེད་པ་ནི་ངེས་པར་དུ་བདའ་འདེད་ནན་པོ་གཏོང་རྒྱུའི་ཆབ་སྲིད་ཀྱི་ཡིད་ཆེས་མེད་པ་དང་སྤྱོད་ངན་བྱེད་སྤྱོད་ཡིན་ལུགས་དྲན་སྐུལ་བྱས་ཡོད།

    ཡུན་རིང་ནང་ས་ཆ་ཁ་ཤས་སུ“གནས་ཚུལ་གོང་ཞུ་བྱེད་པ་ལས་ཞིབ་དཔྱད་མི་བྱེད་པ”དེས་འགོ་ཁྲིད་ལས་བྱེད་པའི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་གོང་ཞུ་བྱེད་པའི་གཏན་འབེབས་དེ་ཕྱི་ཚུལ་གྱི་རྣམ་པ་ཙམ་དུ་གྱུར་ཡོད། ས་ཆ་ཁག་གཅིག་གི་དཔོན་རིགས་ཀྱིས་མི་སྒེར་གྱི་གནས་ཚུལ་གོང་ཞུ་བྱེད་སྐབས་གོང་ཞུ་བྱེད་འདོད་ཡོད་ན་གོང་ཞུ་དང་། གོང་ཞུ་བྱེད་འདོད་མེད་ན་མི་ཞུ་བ། མངོན་གསལ་དོད་པའི་གནས་ཚུལ་གོང་ཞུ་རྫུན་མ་བྱེད་པ་བཅས་བྱེད་ཀྱི་ཡོད། ཚན་པ་ཁག་གཅིག་གིས་མི་སྒེར་གྱི་གནས་ཚུལ་གོང་ཞུ་བྱེད་སྐབས་ཁ་གཏད་གཅོག་ཐབས་བྱས་ནས་གོང་ཞུའི་རེའུ་མིག་ནང་ཐ་ན་གོང་ཞུའི་ཁང་གྲངས་གསུམ་ལས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། མཐར་གོང་ཞུ་བྱས་པའི་རེའུ་མིག་གོང་ཞུ་བྱས་པ་ལས་ཞིབ་དཔྱད་དང་བདའ་འདེད་གཏོང་མཁན་མེད་པས་རེའུ་མིག་དེ་ངོ་བོ་གཅིག་ཀྱང་མེད་པའི་གཅུན་སྡོམ་དུ་གྱུར་བ་ལས་མ་འདས། དེར་བརྟེན་ཡའོ་མུའུ་ཀེན་དང་ཝུའེ་ཕོང་ཡོན་སོགས་ཀྱི་གྱོད་གཞི་ཐོན་རྗེས་སྤྱི་དམངས་ཀྱི་སེམས་ནང“གོང་ཞུའི་རེའུ་མིག་དང་དོན་དངོས་གཅིག་མཚུངས་མིན་པའི”ཚོར་སྣང་ཟབ་པོ་ལོད་སྐྱེས།

    ད་ཐེངས་ཀྲུང་དབྱང་རྩ་འཛུགས་པུས་པར་འགྲེམས་བྱས་པའི《འགོ་ཁྲིད་ལས་བྱེད་པའི་སྒེར་གྱི་གནས་ཚུལ་གོང་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་བྱ་ཐབས་ནན་པོ་མི་ཉུང་བ་ཞིག་བསྣན་ནས་ལྟ་སྐུལ་ལམ་ལུགས་ལ་ཟིལ་ཤུགས་དངོས་སུ་ཐོན་པ་བྱས་ཡོད། ཐོག་མར་དཔོན་རིགས་ཀྱིས་གོང་ཞུ་བྱས་པ་དེ་བདེན་པ་ཡིན་མིན་ལྟ་བ་དང་། དེ་ནས་གོ་གནས་སྤོར་རྩིས་ཡོད་པ་དང་རྗེས་གྲབས་ལས་བྱེད་པའི་གྲས་སུ་འཇུག་རྩིས་ཡོད་པའི་དཔོན་རིགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་མི་འགའ་ཞིག“རུལ་སུངས་བྱེད་ཀྱིན་དུ་གོ་གནས་སྤོར་བའི”འགྲོ་ལམ་དེ་བཀག་ཡོད། དེ་རྗེས་གོང་ཞུ་རྫུན་མ་བྱས་པ་དང་ཆད་ལྷག་བྱུང་བའི་སྣང་ཚུལ་ཐོན་ཚེ་དོ་བདག་གིས་འགན་འཁྲི་འཁུར་དགོས་པ་མ་ཟད། ད་དུང“སེམས་ནང་ནོངས་ཡོད་མེད”ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། མིག་སྔར་འཐེན་བཤེར་བྱེད་ཁོངས་ལ་ཚད་བཀག་ཡོད་ཀྱང་འགོ་ཁྲིད་ལས་བྱེད་པར་རྟ་ཁ་གཡང་གཅུས་ཀྱི་ནུས་པ་ཐོན་ཐུབ།

    གོང་ཞུ་བྱས་པའི་གནས་ཚུལ་ལ“དངོས་བཤེར་དངོས་ཞིབ”བྱས་པ་དེས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་ཐོན་པ་མ་ཟད། ད་དུང་རུལ་སུངས་འགོག་པའི་ནུས་པའང་ཐོན་ཡོད། དེར་བརྟེན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ལས་བྱེད་པར་གཅེས་སྐྱོང་བྱེད་པའི་ཕྱོགས་གང་ཡིན་ཡང་ཚང་མ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ལམ་ལུགས་ཡག་པོ་གནས་ཐུབ་མིན་དེ་ལམ་ལུགས་དེའི་ལག་བསྟར་ནུས་པ་དང་འབྲེལ་བ་ཡོད་ལ་རང་ངོས་གསར་བརྗེས་ཐུབ་མིན་དང་འབྲེལ་བའང་ཡོད།

    དཔོན་རིགས་ཀྱིས་སྤྱི་དམངས་ཀྱི་དབང་ཆ་འཛིན་ཡོད་པས་སྤྱི་དམངས་ལ་དཔོན་རིགས་ཀྱི་རྒྱུ་ནོར་སོགས་ཀྱི་ཆ་འཕྲིན་རྟོགས་དབང་ཡོད། དེར་བརྟེན་དཔོན་རིགས་སྒེར་གྱི་གནས་ཚུལ་གོང་ཞུ་བྱེད་སྐབས“འཐེན་བཤེར་དངོས་ཞིབ”ཁོ་ན་བྱ་རྒྱུ་མེད། གོམ་སྟབས་རྗེས་མར་དུས་མཚམས་འོས་འཚམ་ཞིག་ལ་དཔོན་རིགས་ཀྱི་རྒྱུ་ནོར་ཡོངས་བསྒྲགས་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འདུན་ཞུའི་རེའུ་མིག་ཁྱབ་བསྒྲགས་བྱས་ནས་དབང་ཆ་ཁ་གསལ་གཏིང་གསལ་ངང་སྤྱོད་དུ་འཇུག་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།