གསར་འགོད་པས་ཉེ་དུས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནས་ཤེས་རྟོགས་བྱས་པར། 2015ལོར་ལྷ་ས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གཅིག་གྱུར་ཡོང་རྒྱུར་དེ་བས་སྣང་ཆེན་བྱས་ནས་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་ལ་འགོད་པ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་ས་འདི་ཉིད་ཚན་རིག་དང་མཐུན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱས་ནས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་རྒྱུའི”ཐད་ཤུགས་སྣོན་བརྒྱབ་སྟེ་གནོད་མེད་འཕེལ་རྒྱས་མཐའ་འཁྱོངས་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་ནས་བཙོག་ཆུ་གཙང་བཟོའི་བཟོ་གྲྭ་4བསྐྲུན་རྒྱུ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཏོད་པ་དང་མི་སྡོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད་བརྒྱ་ཆའི་གནས་གཅིག་འཕར་བའི་འགན་ལེན་བྱེད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་200རིང་དུ་གཏོང་བ། བདལ་གཏོང་རླངས་འཁོར་300དང་སྤྱི་སྤྱོད་རླངས་འཁོར་92མང་དུ་གཏོང་རྒྱུ་ཡིན་པ། སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་བཏང་ནས་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་བཅས་རེད།
སྔོན་ཐོན་རིག་གནས་དར་རྒྱས་གཏོང་རྒྱུར་སྣང་ཆེན་བྱེད་པ་དང“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུའི”ཐད་ཁྱད་ཆོས་ཡོད་པ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་སྔར་བས་མགྱོགས་སུ་བཏང་སྟེ“རྫོང་གཅིག་ལ་ཁྱད་ཆོས་གཅིག”ལྡན་པ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཐོན་ལས་ཀྱིསGDPབསྡུར་གྲངས་བཟུང་ཚད་3.5%ཡན་ཟིན་པ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།
སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ་དང“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུའི”ཐད་ཚད་བརྒལ་བྱ་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞིང་། ས་གཙང་བདེ་ཐང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ནས་འདེབས་ཁྱོན་མུའུ་ཁྲི་25ཡན་དང་འབྲུ་རིགས་ཐོན་རྫས་ཏུན་ཁྲི་18ཡན་ཟིན་པའི་འགན་ལེན་བྱ་རྒྱུ་དང་། འཐུང་ཆུའི་ཁེ་ལས་5མང་དུ་བཏང་ནས་ཆུའི་ཐོན་ལས་ཀྱི་ཐོན་ནུས་ཏུན་ཁྲི་350ཟིན་པ་དང“ལྷ་སའི་ས་གཙང”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་དེ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ཟིན་པ་བྱས་ནས་ལྷ་སའི་སྤུས་ལེགས་ཞིང་ལས་ཐོན་རྫས་ས་མཐོ་ནས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུའི་བརྩོན་ལེན་བྱ་རྒྱུ། བཞོན་མ་གསོ་ཚགས་ཀྱི་དཔེ་སྟོན་གྲོང་ཚོ་5དང་། གསོ་ཚགས་དཔེ་སྟོན་དུད་ཚང་100 ཕག་པ་གསོ་ཚགས་རྟེན་གཞི་2བཅས་མང་དུ་བཏང་ནས་བོད་བྱ་ཁྲི་60དང་། ཁྲུང་ཁྲུང་མགོ་ཁྲ་ཁྲི་2.5 གསོ་ཚགས་དང་། ཕག་པ་མགོ་གྲངས་ཁྲི་7བཅས་བཤས་གཏོང་རྒྱུ། བཟའ་བཅའི་ཤ་མོ་བཟོ་གྲྭ་ཅན་གྱི་ཐོན་སྐྱེད་རྟེན་གཞི་2མང་དུ་གཏོང་རྒྱུ་དང་། སྨན་རྩྭ་མ་ཁཱ་དང་། མེ་ཏོག་པད་མ། རྒུན་འབྲུམ། རྒྱ་སེ་མེ་ཏོག མེ་ཏོག་ཡུས་ཅིན་ཞང་སོགས་སྣ་ཁ་གསར་པ་མུའུ་ཁྲི་2.5དང་། བོད་སྨན་གྱི་སྨན་རྒྱུ་མུའུ་3125 མེ་ཏོག་ཅིན་དབྱིང་མུའུ་ཁྲི་1བཅས་འདེབས་འཛུགས་དང་སྒྲིག་བཀོད་ལྡུམ་རའི་ལག་རྩལ་གྱི་རྩི་ཤིང་མུའུ་ཁྲི་1.67འདེབས་འཛུགས་བྱ་རྒྱུ། ཁྱད་ཆོས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ས་དཔྱད་ལུད་སྦྱོར་གྱི་དཔེ་སྟོན་ས་ཞིང་མུའུ་ཁྲི་30དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཐོན་མཐོ་གཏོད་པའི་དཔེ་སྟོན་ས་ཞིང་མུའུ་ཁྲི་24ཁྱབ་གདལ་བཏང་སྟེ་སོན་བཟང་ཁྱབ་ཚད་དང་གཅིག་གྱུར་མཁོ་སྤྲོད་བྱེད་ཚད་95%དང་85%ཟིན་པ་དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་20ཡན་ཟིན་པ་བྱ་རྒྱུ། བཟོ་ལས་ཅན་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་བཟོ་ལས་ཁེ་ལས་ལོ་གསུམ་ནང་ལྡབ་འཕར་གྱི་འཆར་གཞི་དང་གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་སྐྱེད་སྲིང་གི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ་མཐོ་གསར་ལག་རྩལ་ཁེ་ལས་5བསྐྲུན་ནས་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་46དང་ཁྲལ་འབབ་སྒོར་དུང་ཕྱུར་9ཟིན་པ་དང་། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་5དང་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས་5མང་དུ་གཏོང་རྒྱུ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དང་ཡུལ་སྐོར་ཡོང་འབབ་15%དང་18%འཕར་རྒྱུའི་བརྩོན་ལེན་བྱ་རྒྱུ། རྣམ་གྲངས་ཀྱིས་སྣེ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “འཐབ་ཇུས་ཆེན་པོ་དྲུག”མངོན་གསལ་དོད་པོ་ཡོང་བ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་གྲོན་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བཅས་བྱས་ཏེ་ལྷུན་གྲུབ་གནམ་གྲུ་ཐང་དང་། གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ། ལྕགས་ལམ་འགྲིམ་འགྲུལ་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ། འཕེལ་རྒྱས་ཀྱི་ནང་ངོས་གསོན་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་གྲངས་འབོར་20%འཕར་རྒྱུའི་བརྩོན་ལེན་བྱ་རྒྱུ་བཅས་རེད།
དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ“དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་ལ་འགོད་རྒྱུའི”ཐད་ཕན་འབྲས་དངོས་ཐོན་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞིང་། དམངས་ཕྱུག་སྲིད་ཇུས་ལག་བསྟར་བྱེད་པ་དང་ལས་ཞུགས་རྩལ་ནུས་དང་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མི་ཁྲི་3.2ལ་གསོ་སྦྱོང་དང་། མི་ཁྲི་1.5གསར་དུ་ལས་ཞུགས་ཐུབ་པ། ངལ་ནུས་ཡོང་འབབ་18%ཡན་འཕར་བ། ལས་ཞུགས་འདོད་མོས་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་100%ཟིན་པའི་འགན་ལེན། གྲོང་ཁྱེར་དང་གྲོང་རྡལ་གྱི་མིའི་ལས་ཤོར་གྱི་ཚད་གཞི་2.2%ནང་ཚུན་དུ་ཚོད་འཛིན། དབུལ་སྐྱོར་རྣམ་གྲངས་30ལག་བསྟར་བཅས་བྱས་ཏེ་དབུལ་པོའི་མི་འབོར་ཁྲི་2ཉུང་དུ་གཏོང་རྒྱུ་དང་། དམངས་བདེ་ལ་འགོད་པའི་འགན་འཁྲི་འཁུར་ནས་མི་3000ལ་འགན་བཅོལ་ལྔ་ཁྱབ་པ་དང་། ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཆ་ཚང་ལ་འགན་བཅོལ་ལྔ་ཁྱབ་པ། འདོད་མོས་ཡོད་པའི་རྒན་རྒོན་མི་ཧྲེང་དང་། དྭ་ཕྲུག དབང་པོ་སྐྱོན་ཅན། བསྐྱུར་ཕྲུག་བཅས་གཅིག་སྡུད་བསྙེན་བཀུར་དང་འཚོ་སྐྱོང་བྱེད་ཚད་100%ཟིན་པའི་དམིགས་ཚད་མངོན་འགྱུར། ཞིང་འབྲོག་པའི་གཅིག་སྡུད་སྡོད་གནས་ཁུལ་1བསྐྲུན་པ། ལས་ཤག་3800བསྐྲུན་ཐུབ་པ་བཅས་བྱ་རྒྱུ། དམངས་ཕན་བྱ་བཟང་བསྒྲུབ་རྒྱུ་དང་སློབ་གྲྭ་40ལ་དྲ་ཆེན་ཁྱབ་པའི་ལས་འགན་ལེགས་སྒྲུབ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་མི་སྣ་1དང་སྐྱེ་གཡོག་1གསོ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་སྒོར་380དང་སྒོར་420ཁག་སོ་སོར་སྤོར་བ་བཅས་བྱ་རྒྱུ། དམངས་ཕན་གྱི་བྱེད་ཐབས་སྤྱད་དེ་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་རྒྱུ་འགན་ལེན་བྱ་རྒྱུ་བཅས་རེད།
ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་རྒྱུར་སྣང་ཆེན་དང་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ཐད་གཟུགས་བརྙན་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་དོ་དམ་གསར་གཏོད། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་རེད།