དབུ་ཤོག>གསར་འགྱུར།
  • ལྷོ་ཁས་འདི་ལོ་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་126ལེགས་སྒྲུབ་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-12

    ཟླ་བཞི་པར་དཔྱིད་རླུང་ལྡང་སྐབས་ལྷོ་ཁ་ས་ཁུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁག་གཅིག་སྔ་སྣུར་དུ་ལས་འགོ(བསྐྱར)ཚུགས་ནས་གང་སར་ཚ་ཚ་འུར་འུར་གྱི་ལས་བྲེལ་རྣམ་པས་ཁེངས།

    གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ཡར་ཀླུང་གཙང་པོའི་རྩེད་ཐང་ཟམ་ཆེན་གསར་རྒྱག་ལས་གྲྭའི་ལས་ཡུལ་ནས་གསར་འགོད་པས་འཕྲུལ་ཆས་ཀྱི་འུར་སྒྲ་དང་བསྟུན་ཨར་འདམ་བླུགས་པའི་འཁོར་རིགས་མང་པོ་ལས་ཡུལ་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་བཟོ་པ་ཚོས་ལས་དུས་འཕར་མ་བྱས་ནས་ལས་བྲེལ་ཆེ་བའི་རྣམ་པ་མཐོང་སྟེ་ལྷོ་ཁ་ས་ཁུལ་གྱི་གཙོ་གནད་རྣམ་གྲངས་ལས་འགོ་གསར་ཚུགས་པས་བསྐྱར་ཚུགས་བྱས་པ་མཚོན་ཡོད།

    “ད་ཆ་རྩེད་ཐང་ཟམ་ཆེན་གྱི་སྟེང་ཤོད་ལས་གྲྭའི་དུས་མཚམས་སུ་སླེབས་པས་མིག་སྔར་ལམ་གཞིའི་གྲུབ་ཆ་ཡོངས་རྫོགས་ལེགས་གྲུབ་ཟིན་པ་དང་། ཤོད་ཀྱི་གྲུབ་ཆ་70%ལེགས་གྲུབ་ཟིན་པ། སྟེང་གི་གྲུབ་ཆ་སྐྲུན་བཞིན་ཡོད་པས་སྔོན་དཔག་བྱས་ན་ཟླ་9ཚེས་30ཉིན་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད”ཅེས་རྩེད་ཐང་ཟམ་ཆེན་གྱི་ཨར་ལས་འགན་འཁུར་བ་ཀྲང་ཤིན་ཝུའེ་ཡིས་གསར་འགོད་པར་བརྗོད་བྱུང་།

    2015ལོར་ལྷོ་ཁ་ས་ཁུལ་གྱིས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་ས་ཁུལ་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀོད་འདོམས་དབྱུག་པ་ལྟ་བུར་བརྩིས་ནས་ཐམས་ཅད་རྣམ་གྲངས་ལ་དམིགས་ནས་བསམ་བློ་གཏོང་བ་དང་། ཐམས་ཅད་རྣམ་གྲངས་ལ་དམིགས་ནས་ལས་ཀ་བྱེད་པ། ཐམས་ཅད་རྣམ་གྲངས་ལ་དམིགས་པ་བཅས་ཀྱི་ཐོག་ནས་བྱ་སྤྱོད་སྔ་ཙམ་སྤེལ་བ་དང་དངོས་སུ་ལས་སྒྲུབ་བྱས་ཏེ་འགོ་ཁྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང“ཨར་ལས་དུས་ཚོད་ཡག་ཤོས”དམ་འཛིན་ནན་པོ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་རྒྱུ་རེད།

    ལྷོ་ཁ་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་པོས“2015ལོར་ས་ཁུལ་དེས་ལོ་ཧྲིལ་པོར་རྣམ་གྲངས་ཁག་454བསྐྲུན་རྩིས་ཡོད་པའི་ནང་མཐུད་སྐྲུན་རྣམ་གྲངས་145དང་གསར་སྐྲུན་རྣམ་གྲངས་309ཡོད་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་821.47ཟིན་པ་དང་མ་འཇོག་སྒོར་དུང་ཕྱུར་126ལེགས་སྒྲུབ་བྱེད་རྩིས་ཡོད། མིག་སྔའི་བར་རྫམ་གློག་ཁང་དང་། ཡར་ཀླུང་ཆུ་མཛོད། རྩེད་ཐང་ནས་གོང་དཀར་བར་གྱི་ཆེད་སྤྱོད་གཞུང་ལམ། ས་ཁུལ་གྱི་ལས་རིགས་སློབ་གྲྭ་ཨང་གཉིས་པ། མི་ཁྲི་ཤོང་བའི་ཁུལ་ཆུང་སོགས་མཐུད་སྐྲུན་རྣམ་གྲངས་79དང་། གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་དང་། ཤང་དུ་ཁྱབ་པའི་བརྒྱུད་སྐྱེལ་སྒྱུར་བཀོད་རིམ་སྤོར། ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་གསུམ་པ་འཛུགས་སྐྲུན་རྣམ་གྲངས། འཕྱོངས་རྒྱས་རྫོང་མཁར་གྱི་ཆུ་འདོན་ལས་གྲྭ་སོགས་གསར་སྐྲུན་རྣམ་གྲངས་11ཚང་མ་ལས་འགོ(བསྐྱར)ཚུགས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།