དབུ་ཤོག>གསར་འགྱུར།
  • 2014ལོར་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-12

    2014ལོར་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ཚབ་མཚོན་དུ་བྱས་ཏེ་རང་ལྗོངས་ཀྱིས་མ་འཇོག་སྐུལ་འཁྲིད་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རྒྱལ་ཁབ་ཀྱི་རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་ཡིད་རྟོན་བྱ་ཐབས་སྤྱོད་རྒྱུར་སྣང་ཆེན་གྱིས་དམངས་ཁྲོད་ཀྱི་མ་དངུལ་འཇོག་ཤུགས་འཕེལ་བར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་མ་དངུལ་མཉམ་འདུ་དང་མ་དངུལ་གཏོང་འཇོག་གཞི་ཁྱོན་རྒྱུན་མི་ཆད་པར་ཆེ་རུ་བཏང་ཞིང་། ལོ་ཧྲིལ་པོར་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་353དང་། ཀྲུང་དབྱང་ཁེ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་100 དམངས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་300བཅས་དོན་འཁྱོལ་བྱས་ཏེ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལ་རྒྱུན་སྲོལ་ལས་བརྒལ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ་གཏིང་ཤུགས་ཆེན་པོ་ཞིག་ཀྱང་གསོག་འཇོག་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཆིང་ལིན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་2014ལོར་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཞིང་། འགྲིམ་འགྲུལ་འཛུགས་སྐྲུན་ཐད་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ལྷ་ཉིང་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དེ་ཐོག་ནས་རང་ལྗོངས་ལྕགས་ལམ་འཛུགས་སྐྲུན་གྱི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་བཙུགས་པའི་ལམ་དུམ་བུའི་ལས་གྲྭ་75%ལེགས་གྲུབ་བྱུང་བ་དང་། སྨན་གླིང་གནམ་ཐང་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། བསྐལ་ལ་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་འཛུགས་སྐྲུན་རྒྱ་སྐྱེད་ལས་གྲྭ་ལག་བསྟར་མགྱོགས་པོ་བྱས་པ། སྣུམ་ནག་ལམ་ཤར་གཏོང་ཐུབ་པའི་རྫོང་3དང་ཤང་གྲོང་36མང་དུ་སོང་ཡོད། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་161བཏང་སྟེ་24%འཕར་བ་དང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་4332རིང་དུ་སོང་ཡོད། གློག་དྲ་འཛུགས་སྐྲུན་ཐད་2014ལོར་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་དྲ་རིམ་སྤོར་སྒྱུར་བཀོད་ལས་དོན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་ཡོད་ཅིང་། ལྗོངས་ཡོངས་ཀྱི་གློག་ཤུགས་ཐད་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་169.7ཟིན་པ་དེ་32.4%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མཱ་ཆིང་ལིན་གྱིས་2015ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”ལས་མཇུག་བསྡུ་བའི་ལོ་ཞིག་ཡིན་པ་དང་རྣམ་གྲངས་ལས་དོན་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། རང་ལྗོངས་ཀྱིས་རྣམ་གྲངས་ལ་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། རྣམ་གྲངས་གལ་ཆེན་འགའ་ཞིག་ཞིབ་འཇུག་ཉར་ཚགས་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བཀག་རྒྱ་གང་མགྱོགས་གཏོར་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་མཚོ་བོད་ལྕགས་ལམ་གྱི་གོར་ལྷ་དུམ་བུའི་ནུས་པ་ཆེར་གཏོང་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལས་འགོ་བཙུགས་པའི་ལམ་དུམ་བུ་དང་། སྐལ་ལ་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་འཛུགས་སྐྲུན་རྒྱ་སྐྱེད་ལས་གྲྭ་ལེགས་པར་སྒྲུབ་པ་དང་ཀོང་པོ་བར་ལའི་ཕུགས་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཁྲོན་བོད་གཞུང་ལམ་སྒྱུར་བཀོད་བཅོས་སྒྲིག་ལས་གྲྭར་སྐུལ་འདེད་གཏོང་རྒྱུ། རྫོང་5དང་ཤང་གྲོང་45ལ་སྣུམ་ནག་ལམ་འདིང་ཐུབ་པའི་བརྩོན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་8ལས་བརྒལ་བ་བྱ་རྒྱུ། གཞུང་ལམ་དང་། གྲོང་ཚོའི་གཞུང་ལམ། དེ་བཞིན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་A3རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ། ལྷ་སའི་གོང་དཀར་གནམ་ཐང་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་། ཆབ་མདོའི་སྤང་མདའ་གནམ་ཐང་བཅས་འཛུགས་སྐྲུན་རྒྱ་སྐྱེད་ལས་གྲྭར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། དུས་མཚུངས་སུ་རྒྱལ་ཁབ་གློག་དྲ་ཀུང་སི་དང་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་སྣུར་སྲིང་དང་། བོད་དབུས་གློག་དྲའི་ཆན་ཕུའུ་220ཡི་དྲ་སྒྲོམ། གྲོང་ཁུལ་གྱི་གློག་དྲ་སྒྱུར་བཀོད་བཅས་ཀྱི་ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ། ཞིང་ཁུལ་གློག་དྲ་སྒྱུར་བཀོད་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་དང་རྫོང་58གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་འབྲེལ་ཞིང་གློག་ཚབ་བྱེད་དོ་དམ་ཡང་བྱ་རྒྱུ་བཅས་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།