དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་དངུལ་རྩའི་ ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-11

    ཉིན་ཤས་གོང་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་ལས་དོན་དེ་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་བོད་དུ་གནང་བའི་དམིགས་བསལ་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དངུལ་རྩའི་ཞབས་ཞུ་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ས་གནས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    མི་དམངས་དངུལ་ཁང་གཞིས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཝུའེ་ཧྲེང་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་མཐོང་ཚོར་ལ་ལྟ་ཞིབ་བྱེད་རྒྱུ་དང་། སྤྱི་ཁོག་སྙོམས་སྒྲིག་དཔལ་འབྱོར་འཁོར་སྐྱོད་དང་ས་ཁོངས་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་རྒྱུ། མངའ་ཁོངས་ཀྱི་གཙོ་གནད་ལྷུ་ཚིགས་དང་ཉམས་ཞན་མངའ་ཁོངས་སུ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ཡིད་རྟོན་དངུལ་བུན་གྱི་སྤྱི་འབོར་བརྟན་ལ་ཚད་རན་པོའི་སྒོ་ནས་འཕར་བ་བྱེད་རྒྱུ་བཅས་ཀྱི་རྨང་གཞིའི་ཐོག་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱ་རྒྱུ་འགན་ལེན་གྱིས་ས་གནས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འདི་ལོ་གྲོང་ཁྱེར་དེ་ཡོངས་ཀྱི་དམིགས་ཚད་ལས་འགན་ནི་བཅོལ་དངུལ་ཁག་གི་འཕར་ཚད་10%ལས་མི་དམའ་བ་དང་དངུལ་བུན་ཁག་གི་འཕར་ཚད་10%ལས་མི་དམའ་བ་བྱ་རྒྱུ་ཡིན་པའི་ནང་ཞིང་པ་དང་འབྲེལ་བ་ཡོད་པ་དང་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་འཕར་ཚད་25%ལས་མི་དམའ་བ་བྱ་རྒྱུ་དེ་རེད།

    དེ་དང་ཆབས་ཅིག་ཁྱད་ལྡན་ལེགས་ལྡན་ཐོན་ལས་དང་དེ་བཞིན་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲེལ་དངུལ་བུན་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་55ལས་བརྒལ་རྒྱུའི་འགན་ལེན་བྱ་རྒྱུ་དང་། བུད་མེད་ལ་བྱ་གཞག་གསར་གཏོད་ཀྱི་གྲངས་འབོར་ཉུང་བའི་ཁག་ཐེག་དངུལ་བུན་གཏོང་བའི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ལོ་མཇུག་ཏུ་དངུལ་བུན་ལྷག་གྲངས་སྒོར་ཁྲི་1000ཟིན་པའི་བརྩོན་ལེན་བྱ་རྒྱུ། རིག་གནས་ཐོན་ལས་དང་དངུལ་རྩའི་ལས་རིགས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ལྗོངས་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་མིག་དཔེར་འཛིན་པ། ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ནང་འདྲེན་དང་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་རིག་གནས་ཁེ་ལས་སུ་ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།

    གཞན་ཡང་བརྟག་ཞིབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་ཁྲིད་སྟོན་གྱིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་འདི་ལོ་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་སྒོར་དུང་ཕྱུར་15ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི“ཤང་ཚང་མར་སྒྲིག་གཞི་ཡོད་པ་དང་གྲོང་ཚོ་ཚང་མར་ཞབས་ཞུ་ཡོད་པའི”བླང་བྱ་ལྟར་ཞིང་སྐྱོར་དངུལ་ལེན་ས་ཚིགས་450གསར་དུ་བཙུགས་ནས་དངུལ་ལེན་ས་ཚིགས་བཙུགས་ཟིན་པའི་ལོའི་ཉོ་ཚོང་གྲངས་འབོར་དེ་2014ལོའི་རྨང་གཞིའི་ཐོག་20%ཡན་འཕར་བའི་འགན་ལེན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།