དབུ་ཤོག
  • བོད་ཀྱིས་འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཡིག་རྙིང་ཆ་འཕྲིན་ལྟེ་གནས་བསྐྲུན་རྒྱུ་ཡིན་པ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-09

    སྤྱི་ལོ་2014ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གིས《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》རྩོམ་སྒྲིག་བྱས་ནས་པར་དུ་བསྐྲུན།  དེ་ནི་བོད་ལུགས་གསོ་རིག་གི་ལོ་རྒྱུས་ཁྲོད་ཆེས་ཐོག་མའི་དཔེ་རྙིང་ཁག་ལ་ལེགས་སྒྲིག་དང་ཞིབ་འཇུག་བྱས་ནས་བསྐྲུན་པའི་དཔེ་ཚོགས་ཤིག་ཡིན། དེ་ནི་རང་རྒྱས་དབུ་བརྙེས་ནས་ད་བར་བོད་ལུགས་གསོ་རིག་ཀྱི་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་ཀའི་ཁྲོད་གཞི་རྒྱ་ཆེན་པོས་སྔོག་འདོན་དང་འཚོ་བསྡུ་བྱས་པའི་དཔེ་ཚོགས་ཤིག་ཡིན་པ་མ་ཟད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་འགན་འཁུར་བའི་གཞི་རྒྱ་ཆེས་ཤོས་ཀྱི་བོད་ལུགས་གསོ་རིག་དཔེ་རྙིང་ལ་མྱུར་སྐྱོབ་རང་བཞིན་ལྡན་པའི་པར་སྐྲུན་གྱི་རྣམ་གྲངས་ཤིག་ཡིན།  དེའི་རྨང་གཞིའི་ཐོག་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གིས་ལོ་10བདེ་སྤྱོད་བཏང་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འཛམ་གླིང་ཐོག་བོད་ལུགས་གསོ་རིག་ལ་སྲུང་སྐྱོབ་ཆ་ཚང་ཤོས་དང་། བོད་ལུགས་གསོ་རིག་གི་དཔེ་རྙིང་མང་ཤོས།  བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ལེགས་ཤོས་ཀྱི་རྒྱལ་སྤྱིའི་རིམ་པའི་དཔྱད་གཞིའི་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་བསྐྲུན་རྩིས་ཡོད་པ་རེད། 

    ནུས་ཤུགས་གང་ཡོད་བཏོན་པས་མིག་སྔར་དཔེ་རྙིང་པུ་ཏི་8000བཙལ་རྙེད་ཐུབ་པ། 

    བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་སྲོལ་རྒྱུན་གསོ་བ་རིག་པ་ཆེ་གྲས་བཞིའི་ཡ་གྱལ་ཞིག་ཡིན་ཞིང་ད་བར་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད།  བོད་ཀྱི་གསོ་བ་རིག་པར་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ། སྨན་རྒྱུ་ཕུན་སུམ་ཚོགས་པ། ཚན་རིག་གི་ཆ་དང་མཐུན་ཤས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།  ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་བོད་ཀྱི་གསོ་རིག་ཐད་ལ་འཚོལ་བསྡུ་དང་། ལེགས་སྒྲིག ཉར་ཚགས།  ཞིབ་འཇུག་སོགས་བྱེད་མཁན་གྱི་ཞིབ་འཇུག་ལྟེ་གནས་མེད་པས་བོད་ལུགས་གསོ་རིག་གི་དཔེ་རྙིང་མང་མང་དག་ཅིག་ཆ་ཚང་བ་ཞིག་མེད་ལ་སྐྱོན་ཡང་ཆེན་པོ་ཤོར་ཡོད།  ཉམས་གསོའི་ལག་རྩལ་རྗེས་ལུས་ཡིན་པའི་དབང་གིས་དཔེ་རྙིང་ལ་སྐྱོན་གཉིས་པ་འབྱུང་བཞིན་མཆིས། དེ་བརྟེན་སྤྱི་ལོ་2010ལོར་བོད་ལྗོངས་གསོ་རིག་སློབ་གླིང་གིས་ཆེད་དུ་བོད་ལུགས་གསོ་རིག་གི་ཡིག་རྙིང་འཚོལ་བསྡུ་བྱེད་མཁན་གྱི་ཆེད་ལས་ཚོགས་པ་ཞིག་བཙུགས་པ་རེད། 

    བོད་ལུགས་གསོ་རིག་གི་དཔེ་རྙིང་རྣམས་གཞི་ཁྱོན་ཆེ་བའི་ས་ཆ་ཁག་ལ་ཁ་ཐོར་དུ་གནས་ཡོད་པ་དང་། ཆ་འཕྲིན་ཡོད་སའི་ས་ཆར་དངོས་སུ་བསྐྱོད་ནས་རྟོག་ཞིབ་བྱེད་ཀྱི་ཡོད་པས་འཚོལ་བསྡུའི་ལས་ཀར་དཀའ་ཁག་ཆེན་པོ་འཕྲད་ཀྱི་ཡོད།   ལས་དོན་མི་སྣས་སྤྱི་ལོའི་དུས་རབས་8པའི་ནང་གི་དཔེ་རྙིང་ནས་འགོ་བཙུགས་ཏེ་འཚོལ་བསྡུ་བྱེད་ཀྱི་ཡོད།  ཁོང་རྣམ་པས་ཕོ་བྲང་པོ་ཏ་ལ་གཙོ་བོར་བཟུང་ཞོར་བོད་ལྗོངས་དཔེ་མཛོད་ཁང་དང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་།  ལྷ་ས། མངའ་རིས། ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ་སོགས་ཀྱི་ཁྱབ་ཁོངས་ནང་དུ་ཡོད་པའི་དཔེ་རྙིང་འཚོལ་བསྡུ་བྱེད་ཀྱི་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཡོན་ཀྲང་ཉི་མ་ཚེ་རིང་གིས“དཔེ་རྙིང་འཚོལ་བསྡུ་བྱེད་སྐབས་དགོན་པ་ཁག་དང་ཞིང་པའི་ཁྱིམ་ཚང་ནང་དུ་འགྲོ་དགོས་པ་དང་།  དམངས་ཁྲོད་ཀྱི་སྨན་པ་དང་མཁས་དབང་གི་མདུན་དུ་བཅར་དགོས་ཀྱི་ཡོད། མིག་སྔར་དཔེ་རྙིང་པུ་ཏི་8000ལྷག་ཙམ་བཙལ་རྙེད་བྱུང་བ་དང་དེའི་ནང་ནས་མང་དག་ཅིག་སྲིད་ན་ཡོད་པའི་མཐའ་མཇུག་གི་དཔེ་རྙིང་རེད་འདུག  དམངས་ཁྲོད་ནས་དཔེ་རྙིང་པུ་ཏི་200ཙམ་བྱུང་ཞིང་དཔེ་རྙིང་ཁ་ཤས་མང་ཚོགས་ཀྱིས་རིན་མེད་ངང་མཁོ་འདོན་བྱས་བྱུང”ཞེས་གསུངས། 

    ཤེས་རྟོགས་བྱུང་བར་གཞིགས་ན།  2010ལོར་ལས་ཀ་འགོ་བཙུགས་པ་ནས་བཟུང་དུས་རིམ་དང་པོའི་དཔེ་རྙིང་འཚོལ་བསྡུའི་ལས་ཀ་ཚར་བ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བཙལ་རྙེད་ཐུབ་པའི་དཔེ་རྙིང་གི་རྨང་གཞིའི་ཐོག་《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ལེགས་སྒྲིག་བྱས་པ་རེད། དཔེ་ཚོགས་དེར་པུ་ཏི་30དང་ཡིག་གྲངས་ཁྲི་2700 ཡོད།  དཔེ་ཚོགས་དེའི་ནང་དུ་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་སྐོར་གྱི་དཔེ་རྙིང་ལག་བྲིས་པུ་ཏི་100 བསྡུ་ལེན་བྱས་ཡོད།    《རྒྱུད་བཞི》ཁོ་ནར་པར་གཞི་མི་འདྲ་བ་10ལྷག་ཡོད་པ་རེད།  ཉི་མ་ཚེ་རིང་གིས“གསར་འགོད་པར་དུས་རིམ་གཉིས་པའི་ལེགས་སྒྲིག་གི་ལས་ཀ་འགོ་བཙུགས་ཟིན་པ་དང་། དུས་རིམ་དེའི་ནང་རྒྱལ་ནང་ཙམ་མ་ཟད་རྒྱལ་ཕྱིར་ཁ་ཕྱོགས་ནས་དཔེ་རྙིང་འཚོལ་བསྡུ་བྱ་རྒྱུ་ཡིན། སྔོན་དཔག་བྱས་ན་སྤྱི་ལོ་2017ལོར་ལས་ཀ་ཚར་རྒྱུ་དང་ལས་ཀ་ཚར་རྗེས་མུ་མཐུད་དཔེ་རྙིང་ལེགས་སྒྲིག་བྱས་ནས་དཔེ་ཆ་30ཡོད་པའི་དཔེ་ཚོགས་ཤིག་པར་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད། 

    དཔེ་རྙིང་མ་ཡིག་ལ་པར་བླངས་ནས་དང་པོའི་ངོ་རིས་གང་ཐུབ་མངོན་པ། 

    གསར་འགོད་པས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ནང་དུ་པར་སྐྲུན་བྱས་ཟིན་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་དཔེ་ཚོགས་མཐོང་བ་རེད། དེར་རྣམ་པ་མི་འདྲ་གསུམ་ཡོད་དེ་(པུ་ཏི་དང་། དཔེ་དེབ། འོད་སྡེར)བཅས་སོ།  དཔེ་མཛོད་ཁང་གི་ལས་དོན་མི་སྣས་གསར་འགོད་པར་དཔེ་ཚོགས་དེར་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་ཐོའི་དཔང་ཡིིག་ཐོབ་པ་དང་། དཔེ་ཚོགས་དེ་གཙོ་བོ་ནང་ཁུལ་གྱི་ཞིབ་འཇུག་ལ་སྤྱོད་པ་ལས་ཕྱི་ལ་མཁོ་འདོན་བྱེད་ཀྱི་མེད་ཅེས་བཤད།   ཉི་མ་ཚེ་རིང་གིས་གསར་འགོད་པར“《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་དཔེ་ཚོགས་དེ་སྔོག་འདོན་དང་། ཞིབ་འཇུག  ལེགས་སྒྲིག  པར་སྐྲུན་བཅས་བྱས་པའི་བརྒྱུད་རིམ་ནང་དུ་དཔྱད་གཞིའི་མ་ཡིག་རྩ་དོན་དུ་བཟུང་སྟེ་མཚོན་པར་གྱི་རྣམ་པའི་ཐོག་ནས་བཙལ་རྙེད་ཐུབ་པའི་བོད་ལུགས་གསོ་རིག་གི་དཔེ་རྙིང་རྣམས་པར་སྐྲུན་བྱ་རྒྱུ་དང་། དཔེ་རྙིང་ལ་རེག་མི་དགོས་པར་གློག་རྡུལ་འདྲ་བཤུས་ཀྱི་ཐབས་ལ་བརྟེན་ནས་གློག་ཀླད་ཐོག་བཤེར་འབེབས་དང་།  པར་སྒྲིག  ཉམས་གསོ། པར་སྐྲུན་གྱི་ལས་ཀ་བྱས་ནས་དཔེ་རྙིང་གི་དངོས་ཡོད་རང་བཞིན་དང་ཆ་ཚང་རང་བཞིན་མངོན་ཐུབ་ཀྱི་རེད། དེ་འདྲ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་མིའི་ལག་པས་རེག་ན་སྐྱོན་ཐེངས་མ་གཉིས་པ་ཤོར་ཉེན་ཡོད་པས་སྐྱོན་དེ་འགོག་པའི་ཆེད་དུ་ཡིན། མ་ཡིག་ལ་པར་བླངས་རྗེས་མ་ཡིག་ཁག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད”ཅེས་བཤད། 

    གསར་འགོད་པར་ད་དུང་ཤེས་རྟོགས་བྱུང་བར་གཞིགས་ན། དུས་རིམ་ནང་པོའི་ནང་དུ་ལེགས་སྒྲིག་བྱས་པའི་བརྒྱུད་རིམ་ཁྲོད《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱིས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དཔེ་རྙིང་གི་རྩོམ་སྒྲིག་གི་གོ་རིམ་ལས་ཚད་བརྒལ་ཡོད། དཔེ་ཚོགས་དེས་ནང་དོན་དང་ལོ་རབས་ལ་གཞིགས་ནས་དབྱེ་བ་ཕྱེ་མེད་པར་མ་ཡིག་གི་གོ་རིམ་དང་ཤོག་གྲངས་ལ་གཞིགས་ནས་གོ་རིམ་བསྒྲིགས་པ་རེད།  རིགས་གཅིག་པ་ཡིན་ཡང་པར་གཞི་གཅིག་པ་མིན་ཚེ་ཡིག་གཟུགས་དང་།  ཚིག་འགྲེལ།  པར་གཞི་བཅས་ལ་གཞིགས་ནས་ལེགས་སྒྲིག་བྱས་ཏེ་པར་སྐྲུན་བྱས་པ་རེད། ཉི་མ་ཚེ་རིང་གིས“དེ་འདྲ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་པར་ལེན་པར་གཞིས་གང་ཐུབ་ཅི་ཐུབ་ཀྱིས་ཡིག་རྙིང་གི་ངོ་རིས་མངོན་ཐུབ་པ་བྱས་ནས་རིག་གཞུང་ཞིབ་འཇུག་ལ་ཡིད་བརྟོན་རུང་བའི་དཔྱད་གཞི་མཁོ་འདོན་ཐུབ་པའི་ཆེད་དུ་ཡིན”ཞེས་བཤད། 

    ཉམས་བཟོ་ལེགས་པོ་བྱས་པས་རྒྱལ་ཁབ་རིམ་པའི་བོད་ཡིག་དཔེ་རྙིང་ཉམས་གསོའི་རྟེན་གཞི་ལྷ་སར་ཆགས་པ། 

    ཤེས་རྟོགས་བྱུང་བར་གཞིགས་ན།  དཔེ་རྙིང་ཕལ་མོ་ཆེ་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ཉར་ཚགས་བྱེད་བཞིན་ཡོད།  དཔེ་རྙིང་ཁ་ཤས་ཀྱི་ལོ་རྒྱུས་ཤིན་ཏུ་རིང་པོ་ཡོད་ཀྱང་སྲུབ་སྐྱོབ་ཡག་པོ་མ་བྱུང་བའི་རྐྱེན་གིས་སྐྱོན་ཤོར་བའི་གནས་ཚུལ་ཚབ་ཆེ་བ་དང་། དཔེ་རྙིང་ཉམས་གསོ་ཇི་ལྟར་བྱེད་དགོས་པ་ཤེས་ཀྱི་མེད་པས་སྐྱོན་ཤོར་བའི་དཔེ་རྙིང་རྣམས་དམངས་ཁྲོད་ཀྱི་ཐབས་ལམ་སྤྱད་ནས་སྐྱོ་མ་ཡིས་སྦྱར་བ་དང་ཁབ་ཀྱིས་བཙེམས་ནས་ཉར་ཚགས་བྱེད་ཀྱི་ཡོད་པས་ཡིག་རྙིང་ལ་སྐྱོན་ཤོར་ཐེངས་གཉིས་པ་དེ་ཡོང་གི་ཡོད། དེར་བརྟེན། རྩ་ཆེའི་དཔེ་རྙིང་ཁག་སྲུང་སྐྱོབ་ཡག་པོ་ཐུབ་རྒྱུ་དང་བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ལེགས་པོ་ཡོང་ཆེད་རང་སྐྱོང་ལྗོངས་ཀྱིས་ལྷ་སར་རྒྱལ་ཁབ་རིམ་པའི་བོད་ཡིག་དཔེ་རྙིང་ཉམས་གསོའི་རྟེན་གཞི་བཙུགས་ནས་ད་ལོའི་ལོ་མཇུག་ལ་བཀོལ་རྒྱུའི་སྔོན་རྩིས་ཡོད་པ་རེད། 

    བོད་ཡིག་དཔེ་རྙིང་ཉམས་གསོའི་རྟེན་གཞིས་ཆེད་ལས་ཀྱི་སྒྲིག་བཀོད་སྣ་ཚོགས་ལ་བརྟེན་ནས་དཔེ་རྙིང་ལ་ཉམས་གསོ་བྱ་རྒྱུ་ཡིན་པ་དང་།  དེ་ནས་སྐར་རྩིས་དང་། བོད་ལུགས་གསོ་རིག   ཡིག་གཟུགས།  གསུང་རབ་སོགས་ཀྱི་ཁྱབ་ཁོངས་ནང་དུ་ཡོད་པའི་མཁས་དབང་ཚོས་ཉམས་གསོའི་ཇུས་གཞི་བཏོན་ནས་ཆག་སྐྱོན་བྱུང་བའི་དཔེ་རྙིང་ལ་ཉམས་གསོ་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་མ་ཡིག་གི་ངོ་རིས་མངོན་ཐུབ་པ་བྱ་རྒྱུ་དང་།  སྔོན་དཔག་བྱས་ན་དེབ་གཅིག་གི་ཉམས་གསོའི་དུས་ཚོད་ནི་ལོ་གཅིག་ནས་གཉིས་བར་ཡིན་པ་རེད། མིག་སྔར།  ལས་དོན་མི་སྣ་ཚོས་དཔེ་རྙིང་ཁག་གི་དུས་རབས་དང་།  དེབ་མིང་།  ཆེ་ཆུང་སོགས་ཀྱི་ཐོ་འགོད་བྱེད་བཞིན་ཡོད་པ་དང་།  སྐྱོན་ཆེན་པོ་ཤོར་བའི་དཔེ་རྙིང་དང་རིག་གཞུང་གི་རིན་ཐང་མཐོ་བའི་དཔེ་རྙིང་ཁག་ལོགས་སུ་བཀར་ནས་པར་བརྒྱབ་རྒྱུ་དང་། གཙོ་གནད་ཀྱི་ཉར་ཚགས་ཚན་པའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྩིས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།