དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དང་། ལོ་སི། ཐེ་ལན། འབར་མ་བཅས་ཀྱིས“དུས་བདེའི་ཆུ་ལམ”གྱི་བྱ་སྤྱོད་ཐེངས་གཉིས་པ་སྤེལ་བས“གསེར་ཟུར་གསུམ”ཁུལ་གྱི་དུག་རྫས་ཉེས་གསོག་ལ་རྡུང་རྡེག་ཆེན་པོ་ཕོག་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-09

    ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི“དུས་བདེའི་ཆུ་ལམ”གྱི་མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་ཀྱི་མཐོ་རིམ་དཔོན་རིགས་ཚོགས་འདུ་སྐབས་གཉིས་པ་ཚེས་7ཉིན་པང་ཁོག་དུ་འཚོགས་པ་དང་ཚོགས་ཞུགས་མི་སྣས་རྒྱལ་ཁབ་བཞིའི་མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང“གསེར་ཟུར་གསུམ”ཁུལ་གྱི་དུག་ཁུངས་ཀྱི་དུག་རྫས་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་ཐེབས་པ་དང་། རྗེས་སུ་གཏོང་ཆ་ཆེ་རུ་བཏང་ནས“དུས་བདེའི་ཆུ་ལམ”གྱི་མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཐེ་ལན་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཕོ་ཕུང་གིས་ཚོགས་འདུའི་ཐོག་བྱ་སྤྱོད་སྤེལ་རིང་ཉེས་གསོག་དོགས་ཅན་3398འཛིན་བཟུང་དང་འཁྱགས་དུག་རིལ་བུ་ཁྲི་2500དང་། སྦྲིད་སྨན་སྤྱི་རྒྱ་ཁྲི་2 ཁོ་ཕེ་དབྱིང་སྤྱི་རྒྱ་8135 དུག་རྫས་བཟོ་སླའི་རྫས་འགྱུར་ཐོན་རྫས་སྤྱི་རྒྱ་ཁྲི་1 ཕྱེ་དཀར་ཉལ་ཐ་སྤྱི་རྒྱ་1556 ཉལ་ཐ་སྤྱི་རྒྱ་1798སོགས་གཞུང་བཞེས་བཏང་ཡོད་ཅེས་བཤད་པ་རེད།

    ཀྲུང་གོའི་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཨན་གོ་ཅུན་གྱིས་མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དང་གཏོང་ཆ་མང་དུ་གཏོང་བ་དང་། གནས་ཚུལ་སྤེལ་རེས་དང་། མཉམ་འབྲེལ་ཁྲིམས་འཛིན། གྱོད་གཞི་ཆེ་གྲས། ཡོངས་བསྒྲགས་རྩད་བཤེར་ཞིབ་བཤེར་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཐོག་དུག་འགོག་ཁྲིམས་འཛིན་མཉམ་ལས་བྱས་ཚེ་གཞི་ནས་ས་ཁུལ་དེ་གའི་དུག་རྫས་གནད་དོན་གྱི་རྙོག་འཛིང་ཆེ་བའི་དུས་བབ་དང་འགྲན་སློང་དྲག་པོར་ཁ་གཏད་གཅོག་ཐུབ་པ་དང་གཞི་ནས་མའེ་ཀུང་གཙང་པོའི་འབབ་རྒྱུད་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཐུས་ཚང་དུ་གཏོང་ཐུབ་སྟེ་འབབ་རྒྱུད་འདི་ག་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་ཐུབ་ཅེས་བཤད།

    ཀྲུང་གོ་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང་དང་སྤྱི་བདེ་པུའི་དུག་འགོག་ཅུས་གསང་འཕྲིན་ལས་དོན་ཁྲུའི་ཁྲུའུ་ཀྲང་ཝང་ཧུང་རུའུ་ཡིས“དུས་བདེའི་ཆུ་ལམ”གྱི་མཉམ་འབྲེལ་བྱ་སྤྱོད་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུའི་དགོས་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    མའེ་ཀུང་གཙང་པོ་ནི་དུག་རྫས་དང་དུག་བཟོའི་རྒྱུ་ཆ“གསེར་ཟུར་གསུམ”ཁུལ་དུག་ཁོངས་སུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་བགྲོད་ལམ་ཆེན་པོ་ཞིག་ཡིན་པས་འབབ་རྒྱུད་དེར་དུག་རྫས་ཉེས་གསོག་མང་པོ་ཐོན་གྱི་ཡོད། “དུས་བདེའི་ཆུ་ལམ”མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་ནི་ཀྲུང་གོས་སྣེ་ཁྲིད་སྲོལ་གཏོད་བྱས་པ་དང་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་མའེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་ད་བར་ཐེངས་གཉིས་བྱས་ཤིང་། ཐེངས་དང་པོ་དེ་ཀྲུང་གོས་སྒྲུབ་འགན་འཁུར་བ་དང་2013ལོའི་ཟླ་4ཚེས་20ཉིན་ཀྲུང་གོའི་ཡུན་ནན་གྱི་ཅིང་ཧུང་དུ་སྤེལ་འགོ་ཚུགས་པ་དང་དུས་ཡུན་ཟླ་བ་གཉིས་ཡིན། ཐེངས་གཉིས་པ་དེ་ཐེ་ལན་གྱིས་འདི་ལོའི་ཟླ་1ཚེས་12ནས་ཟླ་3ཚེས་12བར་སྒྲུབ་འགན་འཁུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།