དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ལས་བྱེད་པ་བརྒྱ་ལྷག་ཙམ་གྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་སྐོར་ཐུན་མོང་ཐོག་གླེང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-08

    “2014ལོར་ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.1དོན་འཁྱོལ་བྱས་ནས་བོད་སྐྱོར་རྣམ་གྲངས་ཁག་17བདེ་བླག་ངང་ལས་འགོ་བཙུགས་པས་སྔོན་གཏན་འཁེལ་བའི་འཆར་གཞིའི་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་ཡོད”ཅེས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་ཁྲེན་ཡུང་གིས་བཤད།

    ཚེས་2ཉིན་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཅང་སུའུ་དང་པེ་ཅིང་སོགས་ཞིང་ཆེན(གྲོང་ཁྱེར)10ཡི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པའི་འཐུས་མི། ལྗོངས་ཐད་གཏོགས་ཚན་པ་དང་ས་ཁུལ(གྲོང་ཁྱེར)ཁག་གི་བོད་སྐྱོར་ལས་བྱེད་པའི་འགོ་ཁྲིད་ལས་བྱེད་པ་བཅས་མི་གྲངས་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་བོད་ཀྱི་འཕེལ་རྒྱས་སྐོར་ཐུན་མོང་ཐོག་གླེང་ནས་བོད་ཀྱི་འཛུགས་སྐྲུན་ཆེད་ཐབས་འདོན་ཇུས་འགོད་བྱས་ཡོད།

    བོད་སྐྱོར་མ་དངུལ་དང་རྣམ་གྲངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། 2015ལོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཆག་པའི་གནས་ཚུལ་འོག་བོད་ཀྱི་དཔལ་འབྱོར་ལྡོག་འཕར་བྱུང་ནས་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་12%ཀྱི་མཐོ་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

    “ཞིང་ཆེན་ཁག་གི་བོད་སྐྱོར་བྱེད་སྟངས་དེ་དམངས་འཚོ་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དམངས་ཕྱུག་བོད་དར་གྱི་སྣེ་ཁྲིད་པ་ཞིག་རེད”“བོད་ཀྱི་མི་དམངས་ཕྱུག་འགྱུར་ཡོང་རྒྱུའི་སྣེ་ཁྲིད་བྱེད་པ་དང་ཆབས་ཅིག་བོད་སྐྱོར་ལས་བྱེད་པ་ཚོས་ད་དུང་ཁྲིམས་བཀུར་ཁྲིམས་སྲུང་གི་མིག་དཔེ་ཞིག་དང་ཁྲིམས་ལྟར་བོད་སྐྱོང་གི་ལག་ལེན་པ་ཞིག་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་རོགས་རམ་གྱིས་ཡུན་རིང་བོད་སྐྱོར་བྱེད་པའི་ཐབས་འདོན་པ་ཞིག་བྱེད་དགོས”ཞེས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིན་གྱིས་བཤད།

    བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཚོས་ལས་ཞོར་གྱི་དུས་ཚོད་སྤྱད་དེ“བོད་སྐྱོར་གྱི་བརྩེ་སེམས། ཁྱིམ་ཚང་གི་བརྩེ་དུང”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བོད་ཀྱི་གཞི་རིམ་མང་ཚོགས་དང་ཆ་སྒྲིག་དང་། གཉེན་འཚོལ། གྲོགས་པོ་སྒྲིག་པ་བཅས་ཀྱི་ཁར་ནང་སའི་སྟོབས་ཤུགས་དང་འབྲེལ་བ་བྱས་ནས་ས་གནས་དེ་གའི་ཉེན་ཁ་ཆེ་བའི་ནད་གཞི་བཅོས་རོགས་བྱས་ཏེ་དབུལ་ཕོངས་ས་ཁུལ་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པས་བོད་ཀྱི་གཞི་རིམ་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་ཡོད།

    “2015ལོ་ནི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཚོའི་ངོས་ནས་བརྗོད་ན་བྱེད་སྒོ་སྤེལ་བའི་གལ་ཆེའི་ལོ་ཞིག་རེད། དེར་བརྟེན་ང་ཚོས‘བོད་སྐྱོར་པ་རྒན་གྲས་ཀྱི་སྙིང་སྟོབས’སྔར་སོང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བོད་ཀྱི་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཝང་ཧྥེང་ཁྲའོ་ཡིས་བཤད།

    བོད་སྐྱོར་བྱས་ནས་ལོ་20ཡི་རིང་བོད་ལ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་260བཏང་ནས་བོད་སྐྱོར་རྣམ་གྲངས་ཁག་7615ལག་བསྟར་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་20བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། ཞིང་འབྲོག་པའི་ཡོང་འབབ་ཁེ་གཙང་ལོ་11བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།