དབུ་ཤོག
  • མང་ཚོགས་ཀྱི་སྙིང་ཉེ་བ་ཚེ་རིང་དབྱངས་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-08

    རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4780ཡོད་པའི་ཨ་མདོ་རྫོང་མཚོ་དམར་ཤང་རྒོ་བ་ཆུ་མིག་གྲོང་ཚོ་ནས་མི་ཚོས་རྒྱུས་མངའ་ཆེ་ལ་ལས་བྲེལ་ཆེ་བའི་བུད་མེད་ ཅིག་རྟག་ཏུ་མཐོང་རྒྱུ་ཡོད་པ་སྟེ། ཆར་རླུང་གང་ལའང་མི་འཛེམ་པར་དཀའ་ངལ་ཁྱད་བསད་ཀྱིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བ་དང་། གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་ཆེད་ཐབས་དང་ཇུས་འདོན་པ། དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ལག་ལེན་བསྟར་བ་བཅས་ཀྱི་ལས་ལ་གཞོལ་མཁན་ཁོང་ནི་ཨ་མདོ་རྫོང་མཚོ་དམར་ཤང་སྲིད་གཞུང་གི་རྒོ་བ་ཆུ་མིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་དབྱངས་ཅན་རེད།

    ཚེ་རིང་དབྱངས་ཅན་ནི་2011ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས་པ་ཞིག་རེད། ལས་ཀར་ཞུགས་མ་ཐག་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་དམངས་འཚོའི་བྱེད་སྒོ་སྤེལ་བ་དང་སྐབས་འཁེལ། ཤང་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཚེ་རིང་དབྱངས་ཅན་གྱིས་བྱེད་སྒོར་ཧུར་ཐག་ཞུགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཞིག་ཏུ་གྱུར། གཞན་གྱི་བསམ་ཡུལ་ལས་འདས་པར་ཁོང་གིས་ལོ་གསུམ་བསྟུད་མར་བཅའ་སྡོད་བྱས་པ་དང་དེ་བས་བསམ་ཡུལ་ལས་འདས་པ་ཞིག་ནི་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་བཞི་པ་སྤེལ་འགོ་བཙུགས་རྗེས་ཁོང་གིས་རང་འགུལ་ངང་མུ་མཐུད་གྲོང་ཚོར་བཅའ་སྡོད་བྱ་རྒྱུའི་རེ་འདུན་ཞུས་པ་དེ་རེད།

    མི་གཞན་དག་གིས་ཁྱེད་ཀྱི་གླེན་རྟགས་ལ་ཞེས་ཤོད་སྐབས་ཁོང་གིས“གྲོང་ཚོའི་གཞི་རྩའི་གནས་ཚུལ་ཚང་མ་ངས་གསལ་པོ་ཤེས་པ་དང་། མང་ཚོགས་ཚོ་དང་བརྩེ་དུང་ཟབ་པོ་ཡོད་པ་མ་ཟད། ད་དུང་མང་ཚོགས་ལའང་ང་དགོས་མཁོ་ཆེན་པོ་འདུག ངའི་མི་ལུས་ཀྱི་རིན་ཐང་ས་གནས་དེར་མངོན་ཆེ་ཤོས་རེད་འདུག”ཅེས་སྤྲོ་སེམས་འཁོལ་པོས་ཤོད་ཀྱི་ཡོད།

    ཨ་མདོ་རྫོང་རྒོ་བ་ཆུ་མིག་གྲོང་ཚོ་ནི་ས་བབ་མཐོ་ཞིང་གསོ་རླུང་དཀོན་པ་དང་། གནམ་གཤིས་ངན་པ། གྲོང་མི་ཁ་ཐོར་དུ་གཞིས་ཆགས་པ། རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། བཅའ་སྡོད་བྱེད་པའི་ཐོག་མའི་དུས་སུ་ལོ་ན་གཞོན་པའི་ཚེ་རིང་དབྱངས་ཅན་ལ་དང་ཐོག་འཚོ་བའི་ཐད་ཀྱི་དཀའ་ངལ་འཕྲད་ཅིང་། ཉིན་ལྟར་རྐང་ཐང་མར་འཁྱག་ཆུ་ལེན་པར་འགྲོ་དགོས་པ་དང་། ལག་ཐོགས་ཁ་པར་གྱི་བརྡ་རྟགས་གསལ་པོ་མེད་པ། དེ་བས་བློ་མི་བདེ་བ་ནི་བཅའ་སྡོད་བྱ་ཡུལ་གྱི་ཉེ་འགྲམ་དུ་དུད་ཚང་ཉུང་བས་མཚན་མོར་སེམས་རྣལ་དུ་མི་བབས་པར་ཉལ་དགོས་ཀྱི་ཡོད། འོན་ཀྱང་ཁོང་གིས་དཀའ་ངལ་དེ་དག་ཁྱད་བསད་བྱས་པའི་ཁར་སྤྲོ་སེམས་འཁོལ་པོས་གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་ནང་ཧུར་ཐག་ཞུགས་ནས་གྲོང་ཚོའི་ད་ལྟའི་གནས་བབ་ལ་འགྱུར་ལྡོག་བཏང་ཡོད་པ་རེད།

    2011ལོ་ནི་ཚེ་རིང་དབྱངས་ཅན་གྲོང་ཚོར་བཅའ་སྡོད་བྱས་པའི་ལོ་དང་པོ་དེ་ཡིན་ཞིང་། སྐབས་དེར་ཁོང་ད་དུང་མཚོ་དམར་ཤང་མཚོ་ཡག་མ་གྲོང་ཚོར་ཡོད་པ་དང་མང་ཚོགས་ཀྱིས་བཅའ་སྡོད་བྱ་ཡུལ་དུ་དམངས་ཕན་སྲིད་ཇུས་བློ་འདྲི་བྱེད་པར་ཡོང་རིམ་བཞིན་ཚེ་རིང་དབྱངས་ཅན་གྱི་བསམ་བློར་གྲོང་མི་ཚོ་རེ་རེ་བཞིན་བློ་འདྲི་བྱེད་དུ་ཡོང་བ་ལས་མང་ཚོགས་གཅིག་སྡུད་བྱས་ཏེ་དམངས་ཕན་སྲིད་ཇུས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་ན་ལེགས་སྙམ། བསམ་ཕོད་པ་དང་སྒྲུབ་ཕོད་པའི་ཚེ་རིང་དབྱངས་ཅན་གྱིས་ཁོང་གི་ལས་གྲོགས་ཚོ་དང་མཉམ་དུ་དམངས་ཕན་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་འབྲེལ་ཡིག་སྒྱུར་བྱས་ཏེ་མང་ཚོགས་ཀྱིས་ལྟ་བདེ་བའི་བོད་ཡིག་པར་གཞིར་ལེགས་སྒྲིག་བྱས་ཡོད། ཚེ་རིང་དབྱངས་ཅན་དང་ཁོང་གི་ལས་གྲོགས་ཚོས་སྔོན་ལ་སློབ་སྦྱོང་བྱས་ནས་ཤེས་པ་བྱས་ཐོག་དམངས་ཕན་སྲིད་ཇུས་དག་ཞིབ་འཇུག་གཏིང་ཟབ་བྱས་ནས་རྦད་དེ་ཁོང་དུ་ཆུད་པར་བྱས་ཡོད། སེམས་ཤུགས་བརྟན་པོ་དེ་ལྟ་བུར་བརྟེན་ནས་ཁོང་ཚོས་གསོ་སྦྱོང་འཛིན་གྲྭ་བཙུགས་པའི་གནས་ཚུལ་གོ་ཐོས་བྱུང་རྗེས་དེར་ཡོང་མཁན་མང་ཚོགས་ཧ་ཅང་མང་པོ་བྱུང་། གསོ་སྦྱོང་བྱས་པ་བརྒྱུད་མང་ཚོགས་ཀྱིས་སྲིད་ཇུས་དང་གཏན་འབེབས་གསལ་པོ་ཤེས་པ་དང་སྲིད་ཇུས་ལ་གོ་བ་སྔར་བས་ཡང་དག་ལེན་ཐུབ་པ་བྱུང་བ་རེད།

    ཉི་མ་ཚེ་རིང་དང་བཀྲ་ཤིས་རབ་གསལ་ནི་མཚོ་དམར་ཤང་ལུང་ནག་གྲོང་ཚོའི“མཐུན་ཐབས་མེད་པའི་དགྲ་ཡ”ཡིན་ཞིང་། ལོ་མང་་རིང་རྩྭ་རའི་རྩོད་གཞིས་རྐྱེན་པས་ཁོང་གཉིས་མེ་ཆུ་ལྟར་མཐུན་ཐབས་མེད་པར་གྱུར། གྲོང་ཚོར་བཅའ་སྡོད་ཀྱི་ལོ་གཉིས་པར་ཚེ་རིང་དབྱངས་ཅན་གྲོང་ཚོ་དེར་མངགས་གཏོང་བྱས་ཤིང་། གྲོང་ཚོར་བཅའ་སྡོད་བྱས་མ་ཐག་ཁོང་གིས་གང་ས་གང་དུ་བཅར་འདྲི་བྱེད་པར་བསྐྱོད་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས། མང་ཚོགས་དང་སྤེལ་རེས་བྱེད་སྐབས་ཁོང་གཉིས་པོའི་དབར་འགལ་ཟླ་བྱུང་བའི་གནས་ཚུལ་ཁོང་གིས་ཤེས་རྟོགས་བྱུང་། གནས་ཚུལ་ངོ་མ་ཤེས་རྟོགས་བྱ་ཆེད་ཁོང་གིས་བཅར་འདྲིར་འགྲོ་འགོ་བཙུགས་པ་དང་མི་རེ་ངོ་རེའི་དཔྱད་གཞིའི་ཡིག་རིགས་ཐོ་འགོད་ཞིབ་ཚགས་བྱས་པ་དང་འབྲེལ་སྐབས་དེ་དུས་ཀྱི་རྩྭ་རའི་དབྱེ་འབྱེད་ཀྱི་འབྲེལ་ཡོད་གཏན་འབེབས་སློབ་སྦྱོང་དང་ཞིབ་འཇུག་བྱས་ཡོད། གྲ་སྒྲིག་ཨང་གསར་བྱས་པའི་རྨང་གཞིའི་ཐོག་ཁོང་གིས་འདུམ་འགྲིག་ཇུས་གཞི་བཟོས་ཤིང་། ཚེ་རིང་དབྱངས་ཅན་གྱིས་དོན་དངོས་བགྲངས་པ་དང་གནས་ལུགས་ཤོད་པ་སོགས་ཀྱི་འདུམ་འགྲིག་བྱ་ཐབས་སྤྱད་དེ་གྲུབ་འབྲས་ཐོབ་པའི་ངང་ཁོང་གཉིས་པོའི་དབར་གྱི་ལོ་མང་རིང་གི་འཁོན་འགྲས་སེལ་བ་རེད།

    2014ལོའི་ཟླ་བཅུ་གཉིས་པར་ཚེ་རིང་དབྱངས་ཅན་གྱིས་དབང་ཕྱུག་གི་ཁྱིམ་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་དབང་ཕྱུག་ན་ནས་ཉལ་སར་ལུས་པ་དང་ནད་ཀྱིས་ཚབས་ཆེན་མནར་བ་མཐོང་། ལས་དོན་རུ་མི་ཚོ་ནི་གྲ་སྒྲིག་མེད་པར་ཡོང་བ་ཡིན་པས་ཚང་མའི་ལུས་ཐོག་ཏུ་དངུལ་སྨར་མང་པོ་མེད། སྐབས་དེར་ཚེ་རིང་དབྱངས་ཅན་གྱིས་རུ་མི་ཚོ་དང་ཆ་བསྡུ་ཡ་བསྡུ་བྱས་པ་དང་འབྲེལ་ཏང་ཡོན་གྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་བརྒྱུད་མ་དངུལ་བསྡོམས་སྒོར་3000གྲབས་གསོག་བྱུང་། དེ་ནས་འཕྲལ་དུ་ཏང་ཀྲི་པུའི་ཧྲུའུ་ཅི་ཤེས་གྲུབ་ལ་སྒེར་འཁོར་བཏང་ནས་ནད་པ་ལྷ་སར་སྨན་བཅོས་བྱེད་པར་སྐྱེལ་དུ་བཅུག་ཡོད་ཅིང་། མྱུར་སྐྱོབ་དུས་ཐོག་བྱུང་བས་དབང་ཕྱུག་ཉེན་ཁ་ལས་ཐར་བ་རེད།

    གྲོང་ཚོའི་ནང་གི་དབང་པོ་སྐྱོན་ཅན་ཡིན་པ་དང་། དཔལ་འབྱོར་ཡོང་ཁུངས་མེད་པ། རྒྱུན་གཏན་འཚོ་བའི་ནང་ལྟ་རྟོག་བྱེད་མཁན་མེད་པ། དུས་ཡུན་རིང་པོ་འཚོ་བཅུད་མི་འདང་བ་བཅས་ཀྱིས་རྐྱེན་པས་སྨི་སྨི་དང་ཆོས་སྐྱིད་གཉིས་ནད་ཀྱིས་མནར་ཡོད། ཚེ་རིང་དབྱངས་ཅན་གྱིས་གྲོང་ཚོར་བཅའ་སྡོད་གྲོན་དངུལ་ནས་མ་དངུལ་བཏང་སྟེ་རྫོང་མི་དམངས་སྨན་ཁང་དུ་ཁོང་གཉིས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པར་ཁྲིད་པ་དང་རང་འགུལ་ངང་རྫོང་དམངས་སྲིད་ཅུས་དང་འབྲེལ་གཏུག་བྱས་ནས་ཁོང་གཉིས་པོ་དབང་པོ་སྐྱོན་ཅན་ལ་འགྱུར་ཚད་དཔྱད་སྡོམ་བྱས་ཐོག་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་རེ་ཞུ་བྱེད་རོགས་བྱས་པ་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཡོད། གཞན་ཡང་ཚེ་རིང་དབྱངས་ཅན་གྱིས་ད་དུང་རོགས་སྐྱོར་འཆར་གཞི་བཟོས་ཏེ་གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད་པའི་རྣམ་པའི་ཐོག་ནས་ཁོང་གཉིས་ལ་རོགས་སྐྱོར་བྱས་ནས་ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    གཟུགས་པོ་ནི་ལྕགས་ལས་བརྡུངས་པ་ཞིག་མིན་ཞིང་། ཚེ་རིང་དབྱངས་ཅན་གྱི་གཟུགས་པོ་སྔར་ནས་ཡག་པོ་མེད་པ་དང་གྲོང་ཚོར་བཅའ་སྡོད་བྱེད་རིང་སྙིང་ནད་ནད་ལོག་བརྒྱབ་སྟེ་ལས་གནས་ཐོག་ཐེངས་3དྲན་པ་ཐོར་ནས་འགྱེལ་བ་དང། ཕྲུ་གུ་འཁོར་ནའང་ཁོང་གིས་སྔར་བཞིན་གྲོང་ཚོར་བཅའ་སྡོད་བྱས་ཡོད། འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་ཆེད་ཁོང་གིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་པ་དང་རྒྱུན་དུ་རང་གི་སྐྱོ་སྡུག་སྦས་གསང་གིས་འཁང་ར་དང་གནོང་འགྱོད་སྤུ་ཙམ་ཡང་མེད་པའི་ངང་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ཁོང་གི་ངོས་ནས་བཤད་ན་མང་ཚོགས་ཀྱི་འཛུམ་མདངས་མཐོང་བ་ནི་རང་ཉིད་ལ་སེམས་གསོ་ཐུབ་ཤོས་དང་སྤྲོ་སྣང་འཕེལ་ཤོས་ཤིག་རེད།

    ད་ཆ་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་དང་ཐོག་ཡིད་ལ་འཁོར་བ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི“གངས་ལྷ་མེ་ཏོག”ཚེ་རིང་དབྱངས་ཅན་ཡིན་པ་དང་དེའི་རྒྱུ་མཚན་ནི་ཁོང་ཉིད་མང་ཚོགས་དང་སྙིང་ཉེ་ཤོས་ཡིན་པས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།