དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་གིས་མ་དངུལ་བཏང་བས་བོད་ཀྱི་འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཡོད་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-03-30

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། བོད་དུ་ན་ནིང་ཀྲུང་དབྱང་སྲིད་གཞུང་གིས་མ་འཇོག་སྒོར་དུང་ཕྱུར་353བྱས་པ་དེ་དུས་མཚུངས་ལས་30.3%འཕར་བའི་ཁྲོད་མ་དངུལ་མང་ཆེ་བ་འགྲིམ་འགྲུལ་ཁྱབ་ཁོངས་སུ་བཏང་བས་བོད་ཀྱི་འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་བགྲོད་ཐུབ་རྒྱུར་སྔར་བས་སྐུལ་འདེད་ཐུབ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཅིང་ལིན་གྱིས། ཀྲུང་དབྱང་གི་མ་འཇོག་འགན་ལེན་ལ་བརྟེན་ནས་2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལས་འགོ་ཚུགས་པ་དེ་ཐོག་ནས་བོད་དུ་ལྕགས་ལམ་སྐྲུན་པའི་དུས་སྐབས་གསར་པ་སླེབས་པ་མཚོན་ཡོད་ཅེས་ངོ་སྤྲོད་བྱས།

    ལྕགས་ལམ་མཚོ་བོད་ས་མཐོར་ཟམ་མི་ཆད་པར་སྣུར་བསྲིང་བྱས་པ་ཕུད། གཞུང་ལམ་ཡང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། 2014ལོར་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་སྐྲུན་འགོ་ཚུགས་པའི་ལམ་དུམ་བུས་ལས་གྲྭའི་བསྡོམས་འབོར་གྱི་75%ཡན་ལེགས་གྲུབ་ཟིན་པ་དང་། སྨན་གླིང་གནམ་ཐང་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ཆེད་སྤྱོད་གཞུང་ལམ་དང་བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཆེས་ཆེ་བའི་ཟམ་པ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་མགྱོགས་མྱུར་ལག་བསྟར་བྱ་རྒྱུ་ཡིན་པ་སོགས་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཚང་མ་ཀྲུང་དབྱང་གིས་མ་འཇོག་འབོར་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་ན་ནིང་ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་འཇོག་ཚུད་པའི་མ་དངུལ་བསྡོམས་སྒོར་དུང་ཕྱུར་161བཏང་བ་དེ་དུས་མཚུངས་ལས་24%འཕར་བ་དང་གསར་དུ་བསྐྲུན་པའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་4332ཟིན་ཡོད་པ་རེད།

    བོད་ལྗོངས་མེ་ཏོག་རྫོང་བདེ་ཞིང་གྲོང་ཚོའི་པད་མ་དབང་འདུས་ལ་བོད་ཀྱི་འགྲིམ་འགྲུལ་འཕོ་འགྱུར་ཐད་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། ལོ་བཅུ་གྲངས་ཀྱི་གོང་དུ་བོད་དུ་རི་ལམ་ཀྱག་ཀྱོག་ཤ་སྟག་ཡིན་པས་སྐྱེལ་འདྲེན་ཐད་མིས་སྒལ་པར་འཁྱེར་བ་དང་རྟ་དྲེལ་ལ་འགེལ་བ་སོགས་བྱེད་དགོས་ཀྱི་ཡོད་སྟབས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ད་ཆ་གྲོང་ཚོ་མང་ཆེ་བར་གཞུང་ལམ་ཤར་གཏོང་ཐུབ་ནས་འགྲོ་འོང་བྱེད་ཧ་ཅང་བདེ་པོ་ཡོད།

    བོད་ཀྱི་ལངས་གཟུགས་རྣམ་པའི་འགྲིམ་འགྲུལ་དྲ་བ་སྔར་བས་འཕེལ་རྒྱས་གཏོང་ཆེད། ཉེ་བའི་ལོ་ཤས་ནང་བོད་ཀྱིས་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་བབ་ལ་གཞིགས་ནས་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཁྱབ་ཁོངས་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    2014ལོར་བོད་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་8སྔ་རྗེས་སུ་དོན་འཁྱོལ་བྱས་ཏེ་ཆབ་མདོའི་སྤང་མདའ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་དང་། ལྷ་སའི་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན། ཉིང་ཁྲིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བཅས་ཀྱི་ལས་གྲྭ་བསྐྲུན་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ནུས་པ་སྒོ་ཀུན་ནས་ཆེ་རུ་བཏང་ཡོད་པ་རེད།

    བོད་ཀྱི་འགྲིམ་འགྲུལ་ཐད་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་བྱུང་ཡོད་རུང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བས་ཐག་རིང་ཞིང་འབྲོག་ཁུལ་ཁག་གཅིག་གི་འགྲིམ་འགྲུལ་ཁོར་ཡུག་ད་དུང་སྔར་བས་ལེགས་བཅོས་བྱེད་དགོས་ཀྱི་ཡོད་པ་རེད། དེས་ན་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ན་ནིང་ཟླ་7པར་ཆེད་མངགས《བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ཞེས་པ་པར་འགྲེམས་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

    2020ལོར་སླེབས་སྐབས་བོད་ཀྱི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་11ཟིན་རྒྱུ་དེ་རྒྱལ་ལམ་གྱི་རིམ་པ་གསུམ་པ་དང་དེ་བཞིན་དེ་ཡན་གྱི་གཞུང་ལམ་བསྡུར་ཚད་65%ལ་སླེབས་རྒྱུ་དང་། རྫོང་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ། གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ། ཆ་རྐྱེན་ཚང་བའི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་རྒྱུ་བཅས་རེད། ལྕགས་ལམ་ཨ་མའི་དྲ་བ་རགས་ཙམ་ཆགས་རྒྱུ་དང་ལྕགས་ལམ་སྐྱེལ་འདྲེན་གྱི་ལམ་ཚད་སྤྱི་ལེ་1300ཟིན་རྒྱུ་རེད། མ་ལམ་དང་ཡན་ལག་ལམ་ཟུང་འབྲེལ་བྱས་པའི་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་གི་ཁྱབ་ཁོངས་དྲ་བ་རགས་ཙམ་ཆགས་ནས་དམངས་སྤྱོད་མཁའ་འགྲུལ་གྱིས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ཟིན་རྒྱུ་ཡིན་པ་བསམ་འཆར་ནང་ཁ་གསལ་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།