དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་དཔྱིད་རྨོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-28

    དཔྱིད་དཔལ་རབ་ཏུ་བཞད་པའི་ཟླ་གསུམ་པར་ས་གཞི་ཆེ་མོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ལ་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་སྤེལ་འགོ་ཚུགས།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་ཡབ་མདའ་གྲོང་ཚོའི་ལོ་50ལྷག་ཙམ་ལ་སླེབས་པའི་གྲོང་མི་ཚེ་ཆོས་ཉིན་དེ་དག་ནང་རང་ཉིད་ཀྱི་ཞིང་ཁར་ཆུ་གཏོང་བར་བྲེལ་ནས་འདུག ཁྱིམ་གྱི་ས་ཞིང་མུའུ་ཁ་ཤས་ནང་ཆུ་ཐེངས་གཅིག་བཏང་ཚར་སོང་། ད་ཆ་ཆུ་ཐེངས་གཉིས་པ་དེ་གཏོང་བཞིན་ཡོད། ས་བོན་དང་། རྫས་ལུད། ཞིང་སྨན་སོགས་གྲ་སྒྲིག་བྱས་ཚར་སོང་ཞེས་གསར་འགོད་པར་བཤད།

    ཟླ་3ཚེས་16ཉིན་ནི་སོན་འདེབས་ཀྱི་ཚེས་བཟང་ཡིན། “དེ་རིང་གནམ་གཤིས་ཡག་པོ་འདུག་པས་ང་ཚོས་གཟབ་མཆོར་སྤྲས་ཏེ་ཕྱེ་མར་དང་ཆང་འཁྱེར་ནས་མཉམ་དུ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་ཚེ་ཆོས་ཀྱིས་གསར་འགོད་པར་བཤད།

    དངོས་ཟོག་གྲ་སྒྲིག་བྱས་ནས་དཔྱིད་རྨོད་ལས་ལ་གཞོལ།

    ང་ཚོས་འདི་ལོ་རྫས་ལུད་ཏུན་ཁྲི6(ཆབ་མདོ་ཚུད་པ)གྲབས་གསོག་བྱས་པ་དང་། ཟླ་3ཚེས་11ཉིན་བར་རྫས་ལུད་ཏུན་ཁྲི་3.7གཤམ་སྤྲོད་བྱས་པ་དེས་ལོ་ཧྲིལ་པོའི་འཆར་གཞིའི་61.68%བཟུང་བ་དང་དཔྱིད་རྨོད་འཆར་གཞིའི་68.53%བཟུང་ཡོད། དེ་དང་ཆབས་ཅིག་སྲིད་གཞུང་གིས་ཞིང་སྨན་ཏུན་ཁྲི་979.56ཉོ་སྒྲུབ་བྱས་པ་དང་མིག་སྔར་ཞིང་སྨན་90%ས་ཁུལ(གྲོང་ཁྱེར)དུ་གཤམ་སྤྲོད་བྱས་པ་དང་ས་བོན་གྲབས་གསོག་དང་ལུད་སྦྱོར་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་ཅེས་ལྗོངས་ཞིང་འབྲོག་ཐིང་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའི་ཁྲུའུ་ཀྲང་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད།

    ན་ནིང་ཆར་ཆུ་འབེལ་བའི་ཁར་རིམ་ཁག་ནོར་སྲིད་ཀྱིས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ལ་ཁ་གསབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིམ་ཁག་ཞིང་ལས་སྡེ་ཚན་གྱི་སོན་བཟང་སྐྱེད་སྲིང་རྟེན་གཞི་བསྐྲུན་རྒྱུར་དམ་འཛིན། སོན་ཞིང་གི་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བཅས་བྱས་པར་བརྟེན་རིམ་ཁག་སོན་བཟང་སྐྱེད་སྲིང་རྟེན་གཞིའི་ས་བོན་གྱི་སྤུས་ཚད་དང་གྲངས་འབོར་འགན་ལེན་བྱུང་བ་མ་ཟད། ཐོན་སྐྱེད་ལ་སྤྱོད་པའི་སོན་གྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ་པ་བྱུང་ཡོད།

    འདི་ལོ་རང་ལྗོངས་ཀྱིས་དཔྱིད་རྨོད་དང་སོན་བཟང་ཁྱབ་གདལ་གཏོང་རྒྱུ་ནུས་ལྡན་ངང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་མཐོ་གཏོད་པ་དང་། སོན་བཟང་གསོ་སྤེལ་ཁྱབ་གདལ། ས་དཔྱད་ལུད་སྦྱོར། མཉམ་འགོག་མཉམ་བཅོས། སྔོ་ལྗང་ཚོད་འཛིན། ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རྒྱུ་སོགས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་ཉེར་སྤྱོད་ཁྱབ་གདལ་ལས་དོན་དམ་འཛིན་བྱེད་གཞི་གལ་ཆེན་དུ་བྱས་ནས་འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    ནད་འབུའི་གནོད་འཚེ་སྔོན་བརྡ་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ།

    རང་ལྗོངས་ཀྱི་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད། ལྗོངས་ཞིང་འབྲོག་ཐིང་གིས་ས་ཁུལ(གྲོང་ཁྱེར)ཞིང་འབྲོག་སྡེ་ཚན་ཁག་ལ་ཞིང་ལས་ལག་རྩལ་ཁྱབ་གདལ་དང་སྤྱོད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་སྐྱེ་དངོས་ལ་ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་དུས་ཐོག་ཏུ་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་གཞིར་བཟུང། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྔོན་འགོག་བྱེད་པ། སྔ་ཙམ་འགོག་བཅོས་བཅས་བྱས་ཁར། འབུ་ཆ་ག་པ་གཙོ་གནད་དུ་བྱེད་པའི་ནད་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མི་དང་དུས་ཚོད་གཏན་འཁེལ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ནད་དང་འབུའི་གནོད་འཚེ་ཁོང་དུ་ཆུད་པ་བྱས་པ་དང་འབྲེལ་སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས་འཐུས་ཚང་དུ་བཏང་ཡོད། ནད་དང་འབུའི་གནོད་འཚེར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་སྔོན་ཇུས་འཐུས་ཚང་དུ་བཏང་སྟེ་འཕྲལ་སྡོམ་འགོག་བཅོས་ལ་མཁོ་བའི་སྨན་དང་། སྨན་སྟོར་ཡོ་བྱད། མི་སྣ་སོགས་གྲ་སྒྲིག་ཨང་བསར་བྱས་ཡོད། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་བསྐྲུན་ཏེ་ཞིང་སྨན་དང་སྨན་གཏོར་ཡོ་ཆས་སྤྱོད་ཚད་དང་འགོག་བཅོས་ནུས་པ་ཆེ་རུ་བཏང་ཡོད།

    རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་མཉམ་དུ་དཔྱིད་རྨོད་འགན་ལེན་བྱས་པ།

    གསར་འགོད་པས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱིས་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་100དང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་255ཡན་ཟིན་པ་བྱ་རྒྱུ་ཡིན་ཞིང་། དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་བདེ་བླག་ངང་སྤེལ་ནས་འདི་ལོ་ཞིང་ལས་ལ་ལོ་ལེགས་ཡོང་ཆེད། ཟླ་གསུམ་པ་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་དཔྱིད་རྨོད་རྨོད་གྲབས་ལས་དོན་ཡག་པོ་སྤེལ་ཡོད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཞིང་ལས་ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཏུ་བསྐྱོད་དེ་མྱུ་གུ་སྐྱེ་འཚར་དང་ནད་འབུའི་གནོད་འཚེར་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་དང་ཆབས་ཅིག་ཞིང་པར་ཞིང་ལས་ལག་རྩལ་ཐད་གསོ་སྦྱོང་བྱས་པ་མ་ཟད་མཛུབ་ཁྲིད་ཀྱང་བྱས་ཡོད།

    རང་སྐྱོང་ལྗོངས་ཆུ་བེད་སྡེ་ཚན་གྱིས་ཞིང་ནང་ཆུ་བེད་ཀྱི་གཙོ་གནད་རྫོང་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་། “ཆུང་བ་ལྔའི”ཆུ་བེད་ལས་གྲྭ ཉེན་ཡོད་ཆུ་མཛོད་བརྟན་དུ་གཏོང་བ། གཙང་ཆུ་འབྲིང་ཆུང་བཅོས་སྒྲིག་སོགས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆུ་བེད་འཕེལ་རྒྱས་གྲུབ་འབྲས་ཞིང་པ་མང་ཚོགས་ཚོས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།

    རང་སྐྱོང་ལྗོངས་གནམ་གཤིས་དང་ཆུ་བེད་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་ཚོས་འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར་གྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་མཁོ་བའི་ཆུ་དང་། ཆར་ཆུའི་གནས་ཚུལ། ཐན་པའི་གནས་ཚུལ་བཅས་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ནས་དཔྱིད་རྨོད་རྨོད་གྲབས་དང་ཞིང་ལས་སྐྱེ་དངོས་ཐོན་སྐྱེད་འགན་ལེན་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།