དབུ་ཤོག>གསར་འགྱུར།
  • ཐུན་མོང་ཐོག་ཕྱུག་འགྱུར་ལམ་དུ་སྐྱོད་པའི་སྣེ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-25

    དེ་སྔ་སྲིད་གཞུང་གི་སྐྱོབ་གསོ་ཁོ་ནར་བརྟེན་པའི་དབུལ་ཞིང་དཀའ་ངལ་ཆེ་བའི་དུད་ཚང་དང་ད་ཆ་གང་སར་སྐད་གྲགས་ཡོད་པའི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡིན་པ་དང་། དེ་སྔ་རང་རང་སོ་སོས་འབད་འཐབ་བྱེད་པ་དང་ད་ཆ་ཐོ་འགོད་མ་དངུལ་སྒོར་ཁྲི་600ལྷག་ཙམ་དང་ཁེ་སྤོགས་སྒོར་ཁྲི་150ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་གི་འགན་ཁུར་བ་ཡིན་པ། དེ་སྔ་ཞིང་པའི་བུ་ཕྲུག་དང་ད་ལྟ་གོང་དཀར་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལ་གྱུར་ཡོད།

    ནམ་ཡང་འབད་འཐབ་བྱེད་མཁན།

    ད་ལོ་ལོ་50ལ་སླེབས་པའི་ཕུར་བུ་ཚེ་རིང་ནི་གོང་དཀར་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་སྐྱིད་གཤོངས་གྲོང་རྡལ་བྲག་ཆེན་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་ཞིང་། སྔར་བྱས་སྐོར་གླེང་སྐབས་ཕུར་བུ་ཚེ་རིང་གིས“ཏང་གི་སྲིད་ཇུས་བཟང་པོར་བརྟེན་པ་ཡིན”ཞེས་བཤད།

    ཕུར་བུ་ཚེ་རིང་1964ལོར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་བྲག་ཆེན་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཞིང་པའི་ཁྱིམ་དུ་སྐྱེས་པ་དང་ལོ་ལྟར་སྲིད་གཞུང་གི་སྐྱོབ་གསོར་བརྟེན་གྱི་ཡོད། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་དབང་གིས་ཕུར་བུ་ཚེ་རིང་གིས་འབད་འཐབ་བྱས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུའི་ཆོད་སེམས་བཞག་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་ཞིང་དཀའ་ངལ་ཆེ་བའི་གནད་ལས་སྒྲོལ་ནས་ནང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་ལས་ལ་ཞུགས།

    1978ལོར་ལོ་14ལ་སླེབས་པའི་ཕུར་བུ་ཚེ་རིང་གྲོང་ཚོ་ནས་བྲལ་ཏེ་ཕྱི་ལ་གླ་པར་ཐེངས་དང་པོ་སྐྱོད་པ་དང་ལོ་ཤས་ལས་མི་སོང་བར་རང་ཉིད་ཀྱི་ཡོང་འབབ་ཀྱིས་རྫོང་གྲོང་དུ་ཇ་ཁང་ཞིག་བཙུགས་ནས་ཚོང་ཙག་ཙིག་རྒྱག་འགོ་ཚུགས།

    2007ལོར་ཕུར་བུ་ཚེ་རིང་གིས་ཐོ་འགོད་མ་དངུལ་སྒོར་ཁྲི་50ཡོད་པའི་ཞིང་འབྲོག་མང་ཚོགས་ཨར་ལས་རུ་ཁག་བཙུགས། མིག་སྔར་ཕུར་བུ་ཚེ་རིང་གི་ཞིང་འབྲོག་མང་ཚོགས་ཨར་ལས་རུ་ཁག་གི་ཐོ་འགོད་མ་དངུལ་སྒོར་ཁྲི་600ལྷག་ཙམ་དང་ལོ་རེའི་ཁེ་སྤོགས་སྒོར་ཁྲི་150ལོན་ནས་བྲག་ཆེན་སྡེ་ཁུལ་དུ་སྐད་གྲགས་ཡོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར།

    མང་ཚོགས་ཀྱི“དུས་ཐོག་ཆར་པ”

    དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་ཕུར་བུ་ཚེ་རིང་གིས་ད་དུང་ཡུལ་མི་མང་པོ་ཞིག་གི་འཚོ་བ་དེ་ཙམ་ཕྱུག་པོ་མེད་པ་མ་བརྗེད་པར་གཞན་ལ་རོགས་རམ་དང་དབུལ་སྐྱོར་དཀའ་སེལ་བྱ་རྒྱུ་དེ་ཁོང་གི་དམིགས་འབེན་གསར་པ་ཞིག་ཏུ་གྱུར།

    བྲག་ཆེན་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པའི་ཟླ་སྐལ་གྱི་སྡོད་ཁང་གོག་ཧྲུལ་ཡིན་སྟབས་ཕུར་བུ་ཚེ་རིང་གིས་མ་དངུལ་སྒོར་ཁྲི་4བཏོན་ནས་ཁང་པ་གསར་པ་རྒྱག་རོགས་བྱས་པ་དང་། ཚོགས་ཆུང་གཉིས་པའི་དབྱངས་ཅན་གྱིས་ཁང་པ་རྒྱག་སྐབས་ཁོང་གིས་སྒོར་ཁྲི་2བཏོན་པ། ཚོགས་ཆུང་གསུམ་པའི་སྐལ་རྡོར་ཁང་པ་རྒྱག་སྐབས་ཁོང་གིས་མ་དངུལ་སྒོར་ཁྲི་1བཏོན་པ་སོགས་རེད།

    ཐེངས་ཤིག་ཁོང་གིས་རྒྱ་དྲུག་གླིང་གྲོང་རྡལ་རྒྱ་རི་གྲོང་ཚོའི་ཚོགས་ཆུང་བདུན་པའི་བསྟན་འཛིན་ཁྱིམ་ཚང་ལ་དཀའ་ངལ་ཡོད་སྟབས་སློབ་མཚམས་ཆད་ཉེར་ཡོད་པ་ཐོས་རྗེས་2007ལོ་ནས་ད་བར་ཁོང་གིས་ལོ་ལྟར་སློབ་ཡོན་དང་ཉེ་མཁོའི་འཚོ་བའི་འགྲོ་སོང་སྒོར་5000གཏོང་གི་ཡོད་པ་རེད།

    ཕུར་བུ་ཚེ་རིང་གིས་དབུལ་སྐྱོར་དཀའ་སེལ་ནི་རང་གི་འགན་འཁྲི་ཞིག་ཏུ་བརྩི་ཞིང་། ཁོང་གིས་རྟག་དུ་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་ལ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་སྡེ་ཁུལ་གྱི་མང་ཚོགས་ལ་འབྲས་དང་། བཟའ་སྣུམ། ཤ་སོགས་ཞལ་འདེབས་རྒྱག་གི་ཡོད།

    2009ལོ་ནས་བཟུང་ཕུར་བུ་ཚེ་རིང་གིས་དབུལ་སྐྱོར་དཀའ་སེལ་དུ་སྤྱད་པའི་དངུལ་དང་དངོས་པོ་སྒོར་ཁྲི་10ལས་བརྒལ་ཏེ་སྡེ་ཁུལ་གྱི“དུས་ཐོག་ཆར་པ”ལ་གྱུར་ཡོད།

    “དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་རྩ་བ་ནས་འགྱུར་ལྡོག་གཏོང་དགོས་ན་ངེས་པར་དུ་འགོ་ནས་རྒྱབ་སྐྱོར་བྱས་ཏེ་ཁོང་ཚོ་རང་ཉིད་ཀྱི་བློ་གྲོས་དང་ལག་གཉིས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་རྒྱུར་ནུས་པ་དང་ཡིད་ཆེས་ཡོད་པ་བྱེད་དགོས”ཞེས་པ་དེ་ནི་ཕུར་བུ་ཚེ་རིང་གི་སེམས་ནས་ཡུལ་མི་ཚོར་ཕྱུག་འགྱུར་ཐུབ་རོགས་བྱེད་པའི་བསམ་ཚུལ་ཞིག་རེད།

    ཕུར་བུ་ཚེ་རིང་གི་རོགས་རམ་འོག་བྲག་ཆེན་སྡེ་ཁུལ་གྱི་དུད་ཁྱིམ་10ཡི་མང་ཚོགས་ཀྱིས་འདོན་འཇུག་འཁོར་ལོ་ཉོས་པ་དང་དུད་ཁྱིམ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ལོན་པ་དང་། དུད་ཁྱིམ་15ཡི་མང་ཚོགས་ཁོང་གི་ཨར་ལས་རུ་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས་དུད་ཁྱིམ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཟིན་གྱི་ཡོད། ཕུར་བུ་ཚེ་རིང་གིས་ད་དུང་ཉེ་འགྲམ་གྱི་མང་ཚོགས་ཨར་ལས་རུ་ཁག་ནང་ཨར་སྐྲུན་ལག་རྩལ་སློབ་སྦྱོང་བྱེད་པར་སྐུལ་སློང་དང་ཕོ་གཞོན་ལ་ལས་ཀ་ངོ་སྤྲོད་བྱས་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་དང་ཚང་མའི་ཡིད་ཆེས་ཆེ་རུ་བཏང་བ་རེད།

    མཐུན་སྒྲིལ་སྲུང་སྐྱོང་གི་གདོང་ལེན་པ།

    2013ལོར་བྲག་ཆེན་སྡེ་ཁུལ་གྱིས“ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང”བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཕུར་བུ་ཚེ་རིང་གིས་རང་ཉིད་ཀྱི་བསམ་ཚུལ་དང་མྱོང་ཚོར་དངོས་བརྗོད་པ་དང་། རང་འགུལ་ངང་གྲོང་ཚོར་བཅའ་སྡོད་སྡེ་ཁུལ་གྱི་ལས་དོན་རུ་ཁག་དང་གྲོས་མོལ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྒྲོག་འགྲེལ་འགྲོ་གྲོན་སྒོར་2000སྤྲད་ནས་སྡེ་ཁུལ་མང་ཚོགས་ཀྱིས“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ”ཡིན་པའི་གནས་ལུགས་དྲིལ་བསྒྲགས་བྱས་པས། མང་ཚོགས་ཚོས“ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ”དངོས་འབྲེལ་ཤེས་རྟོགས་ཐུབ་པ་རེད།

    ཕུར་བུ་ཚེ་རིང་ནི་ད་དུང་སྡེ་ཁུལ་གྱི་དམག་དཔུང་དང་ས་གནས་དབར་དང་དམག་དམངས་དབར་གྱི“འོས་འགན་འབྲེལ་གཏུག་པ”ཡང་ཡིན་ཞིང་། ཁོང་གི་མཐུན་སྦྱོར་འོག་དཔུང་སྡེས་རྒྱུན་དུ་དཔོན་དམག་མངགས་ཏེ་སྡེ་ཁུལ་མང་ཚོགས་ལ་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་རོགས་བྱེད་ཀྱི་ཡོད། སྡེ་ཁུལ་གྱིས་བྱེད་སྒོ་གལ་ཆེན་སྤེལ་སྐབས་དཔུང་སྡེས་དཔོན་དམག་མངགས་ཏེ་རྒྱལ་དར་སྒྲེང་པ་དང་བརྟན་ལྷིང་སྲུང་སྐྱོང་གི་སྐོར་གཡེང་ལས་རེས་སོགས་ཀྱི་ལས་ཀར་ཞུགས་ཀྱི་ཡོད་པ་མ་ཟད། ད་དུང་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་སྡེ་ཁུལ་གྱི་ཏང་ཡོན་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་ཀྱི་ཡོད། ད་ཆ་ཕུར་བུ་ཚེ་རིང་སྡེ་ཁུལ་དང་བཅའ་སྡོད་དཔུང་སྡེའི“རྒྱ་བོད་མི་རིགས་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ”ཀྱི“གདོང་ལེན་པ”ཞིག་རེད།

    རང་ཉིད་ཀྱི་སེམས་ཤུགས་དང་དཀའ་སྤྱད་འབད་འབུངས་ལ་བརྟེན་པའི་ཕུར་བུ་ཚེ་རིང་དབུལ་ཕོངས་ཀྱི་ཞིང་པའི་ཁྱིམ་ཚང་གི་བུ་རྒྱུད་ནས་གོང་དཀར་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་གང་སར་སྐད་གྲགས་ལྡན་པའི་ཕྱུག་འགྱུར་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཅིང་། ཕྱུག་པོ་ཆགས་པའི་ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཉེ་འགྲམ་མང་ཚོགས་ལ་སེམས་འགུལ་ཐེབས་པ་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་ཁྱིམ་དར་ཕྱུག་འགྱུར་གྱི་ལམ་བུར་སྣེ་ཁྲིད་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།