རང་ལྗོངས་སུ་རྣམ་གླིང་རྫོང་ཨེ་མ་ཤང་གི་ཞོག་ཁོག་དེ་ཉིད་ཐོན་འབབ་མང་བ་དང་། སྤུས་ཚད་ལེགས་པ། རྡོག་ཆེ་ལ་པགས་པ་སྲབ་པ། ཁ་ལ་ཞིམ་པ། ཕིང་རྩམ་འདུས་ཚད་མཐོ་བ། དམིགས་བསལ་བྲོ་བ་ལྡན་པ་སོགས་ཁྱད་ཆོས་དབང་གིས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པ་དང་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ལོ་མཇུག་བར་རྣམ་གླིང་རྫོང་ཡོངས་སུ་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་4ཟིན་པ་དང་། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་དུང་ཕྱུར་1.15ཟིན་པ། ཆ་སྙོམས་མུའུ་རེ་ནས་ཐོན་ཚད་སྤྱི་རྒྱ་2500ཟིན་གྱི་ཡོད།
ད་ཆ་རང་ལྗོངས་ཀྱི་འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་སོང་བས་ནང་སའི་ཞོག་ཁོག་གིས་རང་ལྗོངས་ཀྱི་ཞོག་ཁོག་ཐོན་སྐྱེད་དང་བྲིན་ཚོང་ལ་སྐྱོན་བྱེད་ཀྱི་ཡོད་པ་མ་ཟད། “ཞོག་ཁོག་འབྲུ་རིགས་གཙོ་བོར་བྱེད་པའི”འཐབ་ཇུས་ཀྱི་ཤུགས་རྐྱེན་འོག་རྣམ་གླིང་རྫོང་གི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། དཀའ་ངལ་འཕྲད་སྐབས་རྣམ་གླིང་རྫོང་གིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ད་ཡོད་ཀྱི་ས་ཁོངས་ལེགས་ཆ་དང་སྤུས་རྟགས་ཀྱི་ལེགས་ཆའི་རྨང་གཞིའི་ཐོག་སྤུས་ཚད་ལེགས་ཆ་བཏོད་པ་དང“སྐྱེ་ལྡན་ཞོག་ཁོག”གི་ཐ་སྐད་བཏོན་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བའི་ཁར་ཞོག་ཁོག་འདེབས་བསྡུའི་འཕྲུལ་འཁོར་དང་སྲིད་གཞུང་དང་ཁྲོམ་ར་ཟུང་དུ་འབྲེལ་བའི་བྲིན་ཚོང་བྱེད་སྟངས་དང་དེ་བཞིན་ཞོག་ཁོག་ལས་སྣོན་ཞིབ་ཚགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་གྱིས་ནུས་ཤུགས་ཡོད་རྒུས་ཞོག་ཁོག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་དང་ཞོག་ཁོག་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་དང་མང་ཚོགས་ཀྱི“འབབ་འཕར་ཐབས་ལམ”རྒྱ་ཆེ་རུ་བཏང་ཡོད།
“སྐྱེ་ལྡན་ཞོག་ཁོག་ནི་སྔོ་ལྗང་གནོད་མེད་ཀྱི་སྐྱེ་ལྡན་བཟའ་བཅའ་ཞིག་ཡིན་པས་མིའི་གཟུགས་གཞི་བདེ་ཐང་འགན་ལེན་ཐུབ་ཀྱི་ཡོད། སྐྱེ་ལྡན་ཞོག་ཁོག་འདེབས་འཛུགས་བྱེད་པར་དང་ཐོག་ལོ་གསུམ་ནང་རྫས་ལུད་དང་ཞིང་སྨན་སྤྱོད་མྱོང་མེད་པའི་ས་ཞིང་དགོས་པའི་ཁར་ཁྱིམ་ལུད་ཁོ་ན་སྤྱོད་དགོས་པ་དང་གཉིས་ནས་སོན་བཟང་དང་། འདེབས་འཛུགས། ས་ཁོད་སྙོམས་པ། གཡོག་བྱེད་སོགས་བརྒྱུད་རིམ་ཆ་ཚང་ནང་སྐྱེ་ལྡན་འདེབས་འཛུགས་ལག་རྩལ་སྤྱོད་དགོས”ཞེས་རྣམ་གླིང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད།
2014ལོར་རྣམ་གླིང་རྫོང་གིས་བོད་རང་སྐྱོང་ལྗོངས་ཀྱི་དུག་སེལ་ཞོག་ཁོག་ལྟེ་གནས་ལ་བརྟེན་ནས་ཞོག་ཁོག་ལ་དུག་སེལ་བྱས་པ་དང་དུག་སེལ་ལག་རྩལ་ཁྱབ་གདལ་བཏང་སྟེ་མཁར་རྩེ་ཤང་ཕོ་བྲང་སྒང་གྲོང་ཚོར་མུའུ་200ཟིན་པའི་ཞོག་ཁོག་སོན་བཟང་རྒྱ་བསྐྱེད་རྟེན་གཞི་བསྐྲུན་ཡོད། དེ་དང་ཆབས་ཅིག་གནས་སྤོའི་ས་རྒྱུ་ཁོད་སྙོམས་པའི་ལས་དོན་སྤེལ་ཏེ་སྐྱེ་ལྡན་ཞོག་ཁོག་འདེབས་འཛུགས་ཚད་གཞིའི་དཔེ་སྟོན་ཁུལ་བཏོད་ཡོད། 2015ལོར་མཁར་རྩེ་ཤང་གིས་མུའུ་2000ཟིན་པའི་སྐྱེ་ལྡན་ཞོག་ཁོག་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུ་མ་ཟད། རིམ་བཞིན་ཁྱབ་གདལ་བཏང་སྟེ་ལོ་ལྔ་ནས་དྲུག་གི་དུས་ཚོད་ནང་མུའུ་ཁྲི་4ཚང་མ་སྐྱེ་ལྡན་ས་རྒྱུར་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
“སྔོན་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྐྱེ་ལྡན་ཞོག་ཁོག་སྡེབ་ཚོང་བརྒྱབ་ན་རྒྱ་མ་རེར་སྒོར་2ཡས་མས་རག་གི་ཡོད་པ་དེ་རྒྱ་མ་རེར་སྒོར་1རེ་ཡིན་པའི་སྐྱེ་ལྡན་མ་ཡིན་པའི་ཞོག་ཁོག་ལས་གོང་ཚད་ལྡབ་གཅིག་ཙམ་གྱིས་མཐོ་བ་ཡོད་པས་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཤུགས་ཆེན་འགྲོ་རྒྱུ་རེད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་བཤད།
1998ལོ་ནས་བཟུང་རྣམ་གླིང་རྫོང་ལ་ཞོག་བསྡུའི་འཕྲུལ་ཆས་ཡོད། ཡིན་ནའང་སྐབས་དེ་དུས་མང་ཚོགས་ཀྱི་ངོས་འཛིན་ཟབ་པོ་མེད་པས་ཁྱབ་གདལ་ཤུགས་ཆེན་པོ་གཏོང་ཐུབ་མེད། ཉེ་བའི་ལོ་ཤས་རིང་། ཞོག་ཁོག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྣམ་གླིང་རྫོང་དུ་ཞོག་ཁོག་འདེབས་བསྡུའི་སྐབས་འཕྲུལ་ཆས་སྤྱོད་རྒྱུ་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། 2013ལོར་སྲིད་གཞུང་དང་མཉམ་ལས་ཁང་གི་ཁོངས་མི་སོ་སོས་སྒོར་ཁྲི་184གྲབས་གསོག་བྱས་ཏེ་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པ་དང་འབྲེལ་མུའུ་ཁྲི་1000ཟིན་པའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་ཁུལ་བསྐྲུན་ཡོད།
མིག་སྔར་ཨེ་མ་ཤང་གི་མང་ཚོགས་ལ་ཞོག་ཁོག་འདེབས་བསྡུའི་འཕྲུལ་ཆས་ཆ་ཚང་35ཡོད་པ་དང་ཨེ་མ་ཤང་ལབ་བརྩོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཇོ་ལགས་ཀྱིས་གསར་འགོད་པར་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་དང་འཕྲུལ་འདེབས་འཕྲུལ་བསྡུའི་བར་ལ་བསྡུར་བ་ཞིབ་ཚགས་འདི་འདྲ་ཞིག་བཏང་བ་སྟེ། སྲོལ་རྒྱུན་གྱི་ཞོག་ཁོག་འདེབས་འཛུགས་བྱེད་སྟངས་སྤྱད་ན་ཉིན་གཅིག་ལ་མང་ཤོས་སུའང་མུའུ་3ལས་འདེབས་ཐུབ་ཀྱི་མེད་པ་མ་ཟད། ངལ་རྩོལ་ནུས་ཤུགས་མང་པོ་དགོས་པ་དང་། འཕྲུལ་ཆས་ཀྱིས་འདེབས་འཛུགས་བྱས་ཚེ་ཉིན་གཅིག་ལ་མ་མཐར་ཡང་མུའུ་10འདེབས་ཐུབ་ཀྱི་ཡོད་པ་མ་ཟད་འཕྲུལ་ཆས་གཏོང་མཁན་ཞིག་བྱུང་ན་འགྲིག སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ཀྱི་རྣང་མའི་དབར་གྱི་ཧེ་བག་དང་གཏིང་ཚད་ཆ་སྙོམས་པོ་མེད་པ་དང་། འཕྲུལ་ཆས་ཀྱིས་བཏབ་པ་རྣམས་ལུད་དང་ཆུ་འཕྲོད་ཤུགས་ཆེན་པོ་ཡོད། དེས་མ་ཚད་འཕྲུལ་ཆས་གཏོང་ཐེངས་གཅིག་ལ་གཙང་མ་བསྡུ་ཐུབ་པ་དང་མིས་ཉུང་མཐར་ཡང་ཐེངས་མ་གཉིས་བསྡུ་དགོས་ཀྱི་ཡོད་པ་དེ་རེད།
རྣམ་གླིང་རྫོང་གིས་ཤང་དང་གྲོང་ཚོ་ཁག་གི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་མི་སེར་ཚོས་འཕྲུལ་ཆས་ཀྱི་མགོ་ཉོ་བ་དང་སྦྲགས་ཆ་ལག་ཚང་བའི་སྒྲིག་ཆས་ཧུར་ཐག་ཉོས་ཏེ་ཞོག་ཁོག་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད། 2015ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་འཕྲུལ་ཁ་གསབ་དངུལ་སྒོར་ཁྲི་800སྤྲད་པ་རྣམས་རྣམ་གླིང་རྫོང་གིས་ཚང་མ་མང་ཚོགས་ལ་ཞིང་འཕྲུལ་ཉོ་བ་དང་ལྷག་པར་དུ་ཞོག་ཁོག་འདེབས་བསྡུའི་འཕྲུལ་ཆས་ཉོ་རྒྱུའི་ཐད་སྤྱད་པས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་ཡོད།
ཞོག་ཁོག་འཚོང་རྒྱུ་དེ་བར་སྐབས་ཤིག་རིང་རྣམ་གླིང་རྫོང་གི་ཞོག་ཁོག་ཐོན་སྐྱེད་དུད་ཚང་གི་དཀའ་ངལ་གཙོ་བོར་གྱུར་ཡོད། དེས་ན་2004ལོར་རྫོང་སྲིད་གཞུང་གི་ཁྲིད་སྟོན་འོག་ཨེ་མ་ཤང་ཞོག་ཁོག“བྲིན་ཚོང་མཐུན་ཚོགས”བཙུགས་པ་དང་། 2007ལོར“བྲིན་ཚོང་མཐུན་ཚོགས”ཀྱི་རྨང་གཞིའི་ཐོག་རྣམ་གླིང་རྫོང་ཨེ་མ་ཤང་ཞོག་ཁོག་བྲིན་ཚོང་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཚོང་གཉེར་གཞི་ཁྱོན་ཚད་ལྡན་དང་སྒྲིག་འཛུགས་སྒྲིག་ཡིག་འཐུས་ཚང་དུ་བཏང་བའི་ཁར་བར་ཁེ་བའི་གཞི་ཁྱོན་ཆེ་རུ་བཏང་ཡོད།
ཞོག་ཁོག་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་སྐོར་གླེང་སྐབས་བསོད་ནམས་སྟོབས་རྒྱལ་གྱིས“ཞོག་ཁོག་ཐད་ཀར་འཚོང་རྒྱུ་དེ་ཐོན་ལས་སྦྲེལ་ཐག་གི་རིམ་པ་དམའ་ཤོས་སུ་གནས་ཡོད། ང་ཚོའི་རྫོང་གིས་ཞོག་ཁོག་ལས་སྣོན་ཞིབ་ཚགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཞོག་ཁོག་གསར་སྤེལ་གྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཞོག་ཁོག་ཐོན་ལས་ཀྱི་རྗེས་ཐོན་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་ཞོག་ཁོག་གི་ཐོན་ལས་སྦྲེལ་ཐག་སྣུར་བསྲིང་དང་ཕན་འབྲས་ཆེ་རུ་གཏོང་བཞིན་ཡོད”ཅེས་བཤད།
མིག་སྔར་རྣམ་གླིང་རྫོང་གིས་བོད་ལྗོངས་གཙང་ནུས་ཁེ་ལས་ཚད་ཡོད་ཀུང་སིའི་མ་རྩ་ནང་འདྲེན་གྱིས་ཞོག་ཁོག་ལས་སྣོན་ཞིབ་ཚགས་བྱས་ཏེ་གཙོ་བོ་ཞོག་ཁོག་དང་། ཕིང། ཞོག་ཁོག་གི་ཕིང་རྩམ་སོགས་ཐོན་སྐྱེད་བྱེད་རྩིས་ཡོད་ཅིང་སྔོན་དཔག་བྱས་ན་འདི་ལོའི་ཟླ་5པར་ལས་དོན་དེ་གནད་སྨིན་ཡོང་རྒྱུ་རེད།