“ན་ནིང་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་30གཡར་བ་ཡིན། ཟླ་གཉིས་ཀྱི་རྗེས་གཞི་ནས་དངུལ་བུན་འཇལ་ཚར་གྱི་འདུག ཡིན་ནའང་ངས་སྔ་སྣུར་དུ་དངུལ་བུན་རྣམས་འཇལ་བ་ཡིན། འདི་ལོ་ཡང་དངུལ་བུན་གཡར་རྩིས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ན་གཞོན་འབྲོག་པ་དཀོན་མཆོག་བསྟན་འཛིན་གྱིས་དེ་ལྟར་བཤད།
ལོ་སུམ་ཅུར་སླེབས་པའི་དཀོན་མཆོག་བསྟན་འཛིན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པ་དང་། ད་ཆ་ཁོང་ནི་མ་རྩ་སྒོར་ཁྲི་3000ཙམ་ཡོད་པའི་སྐྱེལ་འདྲེན་དང་། འཛུགས་སྐྲུན། མགྲོན་ཁང་བཅས་གཉེར་མཁན་གྱི་ཁེ་ལས་པ་ཞིག་རེད། ཕྱུག་པོ་ཆགས་པའི་སྐོར་གླེང་སྐབས་ཞིང་ལས་དངུལ་ཁང་གི་་འབོར་ཉུང་དངུལ་བུན་ལ་བརྟེན་ནས་རིམ་གྱིས་ཁེ་ལས་སྟོབས་ཆེར་བཏང་བ་ཡིན་ཞེས་བཤད།
ད་ཆ་རང་ལྗོངས་སུ་དངུལ་ཁང་གི་འབོར་ཉུང་དངུལ་བུན་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་ཞིང་འབྲོག་མང་ཚོགས་དཀོན་མཆོག་བསྟན་འཛིན་ཁོ་ན་ཙམ་མིན། གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་དངུལ་ཁང་ནས་ཤེས་རྟོཌ་བྱས་པར། ཞིང་འབྲོག་མང་ཚོཌ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད། ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་འབོར་ཉུང་ཡིད་རྟོན་དངུལ་བུན་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། མིག་སྔར་འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་བྱེད་ཐབས་དེ་ལྗོངས་ཡོངས་ཀྱི་95%ཡན་གྱི་ཞིང་འབྲོག་མང་ཚོགས་ལ་ཁྱབ་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཏེ་བོད་འདི་ཉིད་ཀྲུང་གོའི་ཞིང་དུད་དངུལ་བུན་ཁྱབ་ཆེ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད།
རང་ལྗོངས་ནི་ཞིང་འབྲོག་མི་འབོར་གྱིས་གཙོས་པའི་རང་སྐྱོང་ལྗོངས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་80%ཡན་གྱི་མི་འབོར་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཁྱབ་ཡོད། དུས་ཡུན་རིང་པོའི་ནང་རང་བྱུང་གི་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས་སོགས་རྒྱུ་རྐྱེན་གྱི་ཚད་བཀག་ཕོག་པར་བརྟེན་བོད་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ལ་འགོག་རྐྱེན་འཕྲད་ཡོད། འབོར་ཉུང་དངུལ་བུན་བཏང་ནས་ཞིང་འབྲོག་ཁུལ་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཛུགས་རྒྱུ་དང་ན་གཞོན་གྱིས་བྱ་གཞག་གཏོད་རྒྱུར་ལྕག་སྐུལ་བྱ་རྒྱུ་དེ་ནི་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པའི་ཐབས་ལམ་ཞིག་ཡིན།
རང་ལྗོངས་ཀྱི་གྲོང་གསེབ་དང་། ཞིང་ལས། ཞིང་འབྲོག་མང་ཚོགས་བཅས་ལ་ཞབས་འདེགས་ཞུ་མཁན་དངུལ་རྩའི་གཙོ་ཤུགས་དམག་ཡིན་པའི་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཕ་ལམ་བྱང་བུ་དང་གསེར་བྱང་དང་དངུལ་བྱང་ཟངས་བྱང་གི་ཡིད་རྟོན་དངུལ་བུན་གྱི་གཱ་སྤྲོད་པའི་བྱེད་ཐབས་བཏོན་པ་དང་དངུལ་བུན་གྱི་གྲངས་འབོར་སྒོར་3000ནས་སྒོར་ཁྲི་20ཟིན་པ་མ་ཟད། ཁག་ཐེག་དང་གཏའ་མ་སོགས་གང་ཡང་འཇོག་དགོས་མེད་ལ་ག་དུས་ཡིན་རུང་་གཡར་ཆོག་པས་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད།
གཞན་ཡང་ཕ་ལམ་བྱང་བུ་དང་གསེར་བྱང་དང་དངུལ་བྱང་ཟངས་བྱང་གི་ཡིད་རྟོན་དངུལ་བུན་གྱི་གཱ་སྤྲོད་པའི་བྱེད་ཐབས་བཏོན་པ་ཕུད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ད་དུང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དངུལ་བུན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་ཚོར་འབོར་ཉུང་སྐྱེད་གསབ་དངུལ་བུན། ཞིང་འབྲོག་ཁུལ་གྱི་ན་གཞོན་ཚོར་བྱ་གཞག་གཏོད་ཆེད་ཀྱི་འབོར་ཉུང་དངུལ་བུན་སོགས་བཏང་བར་བརྟེན་དངུལ་བུན་གཡར་དཀའ་བའི་ཞིང་འབྲོག་པའི་སེམས་ཁྲལ་སེལ་ཐུབ་པ་བྱུང་བ་མ་ཟད། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་དང་། འབབ་འཕར། ཕྱུག་པོ་ཆགས་རྒྱུ་བཅས་ལ་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2014ལོའི་ལོ་མཇུག་བར། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་297.26ཟིན་པ་དང་ཞིང་འབྲོག་དུད་ཚང་གི་འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་98.24ཟིན་ནས་ལོ་འགོ་ལས་32.41%འཕར་བ་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཀྱིས་དངུལ་བུན་གཡར་བའི་ལྷག་གྲངས་དེ་སྒོར་ཁྲི་4ཉེ་བ་ཟིན་ཡོད་པ་རེད།