དབུ་ཤོག>གསར་འགྱུར།
  • རི་པིན་གྱིས་བཏོན་པའི་ས་བཀྲའི་ནང་ཏེའོ་ཡུས་གླིང་ཕྲན་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-03-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན། གོང་ཚེས་ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རི་པིན་གྱི་ཕྱི་འབྲེལ་པུའི་དྲ་ཚིགས་ནང་1969ལོའི་ཏེའོ་ཡུས་གླིང་ཕྲན་གྱི་ས་བཀྲ་བཏོན་པའི་ཐད་དྲིས་པའི་ལན་ལ། ས་བཀྲ་དེའི་ཐོག་ནས་ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དངོས་ར་འཕྲོད་ཡོད། རི་པིན་གྱིས་མི་སེར་སྤེལ་བའི་བརྒྱུད་རིམ་དང་དེའི་ས་བཀྲར་འཁོད་པའི་ནང་དོན་ལས་ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོའི་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་སྤུ་ཙམ་ཡང་བྱུང་མེད་ཅེས་གསུངས།

    གསར་འགོད་པ་ཞིག་གིས་ཚེས་17ཉིན་ཁྱེད་ཀྱིས་རི་པིན་གྱི་ཕྱི་དོན་ལས་ཁུངས་ཀྱི་གཞུང་ཕྱོགས་ཀྱི་དྲ་རྒྱའི་ཐོག་བཏོན་པའི་1969ལོའི་ཏེའོ་ཡུས་གླིང་ཕྲན་གྱི་ས་བཀྲར་ལན་རགས་ཙམ་བསྐྱོན་པར་དེ་རིང་ཁ་སྐོང་གསར་པ་གང་ཡོད་དམ་ཞེས་དྲིས།

    ཧུང་ལེས་1969ལོའི་ས་བཀྲའི་ཐོག་ནས་གནད་དོན་གཉིས་གསལ་བཤད་ཐུབ་པ་སྟེ། གཅིག་ནི་ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ར་འཕྲོད་པ་སྟེ། དེ་ཡང་ཐའེ་དབན་ཞིང་ཆེན་གྱི་ཆ་ཤས་ཤིག་ཡིན་པ་གསལ་བ་དང་། གཉིས་ནས་རི་པིན་གྱིས་ཏེའོ་ཡུས་གླིང་ཕྲན་དང་བཅས་པའི་ཐའེ་དབན་ཧམ་བཟུང་བྱས་པའི་ལོ་རྒྱུས་དངོས་མཚོན་ཡོད་ཅེས་བཤད།

    ཧུང་ལེས་ས་བཀྲ་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་ཁག་བགོས་ཀྱི་ས་བཀྲའི》“ཕུའུ་ཅན་ཞིང་ཆེན་དང་ཐའེ་དབན་ཞིང་ཆེན”གྱི་ས་བཀྲ་ཞིག་ཡིན། ཕུའུ་ཅན་ཞིང་ཆེན་དང་ཐའེ་དབན་ཞིང་ཆེན་གྱི་ཁོངས་གཏོགས་ས་ཆ་ཆ་ཚང་པོ་ཡོང་ཆེད་ས་བཀྲ་དེའི་ནང་ཕུའུ་ཅན་ཞིང་ཆེན་གྱི་བྱང་རྒྱུད་དང་། ཐའེ་དབན་ཞིང་ཆེན་གྱི་ལྷོ་རྒྱུད། ཏེའོ་ཡུས་གླིང་ཕྲན་དང་དེའི་ཉེ་འཁོར་གྱི་མཚོ་ཁོངས་བཅས་ས་ཆ་ཁག་གསུམ་གྱི་གནས་སྟངས་རྒྱུན་གཏན་གྱི་ས་རིས་འགོད་སྟངས་ལས་ཆེས་ཆེར་བརྒལ་བ་བྱས་ཡོད། ས་བཀྲ་དེ“ས་རིས་ཀྱི་རྒྱ་ལས་སྒྲོལ་བའི”ཐོག་ནས་བྲིས་ཡོད་པས་ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ར་འཕྲོད་ནུས་ལྡན་བྱས་པ་སྨོས་མེད་ཡིན་ཞེས་བཤད།

    ཁོང་གིས་ཀྲུང་གོས་ཏེའོ་ཡུས་གླིང་ཕྲན་ཤེས་རྟོགས་སྔ་ཤོས་བྱུང་བ་མ་ཟད་དུས་ཡུན་རིང་པོའི་ནང་དོ་དམ་ནུས་ལྡན་བྱས་ཡོད། དུས་ཚོད་སྔ་ཤོས་མིང་ཆིང་རྒྱལ་རབས་གཉིས་ཀྱི་ཀྲུང་གོའི་ས་བཀྲ་མང་པོའི་ཐོག་ཏེའོ་ཡུས་གླིང་ཕྲན་ཞེས་ཁ་གསལ་བཀོད་ཡོད། ཤིང་རྟ་ལོའི་དམག་འཁྲུག་མ་ལངས་གོང་ནུབ་ཕྱོགས་ཀྱི་ས་བཀྲའི་ཐོག་ཏེའོ་ཡུས་གླིང་ཕྲན་ཞེས་པའི་མིང་རྒྱ་ཁྱབ་ཏུ་སྤྱོད་པ་མ་ཟད་ཀྲུང་གོའི་ཁོངས་སུ་གཏོགས་པ་ཁ་གསལ་བཀོད་ཡོད། ཤིང་རྟ་ལོའི་དམག་འཁྲུག་རྗེས་རི་པིན་གྱིས་ཏེའོ་ཡུས་གླིང་ཕྲན་ཚུད་པའི་ཐའེ་དབན་དང་དེའི་་ཞོར་གཏོགས་གླིང་ཕྲན་ལ་དུས་ཡུན་རིང་པོར་མི་སེར་སྤེལ་བའི་དབང་སྒྱུར་བྱས་ལ་འབྲེལ་ཡོད་ཀྱི་ས་བཀྲའི་ཐོག་ནས་ཏེའོ་ཡུས་གླིང་ཕྲན་ཞེས་པའི་ས་མིང་འགོད་ཕྱོགས་ལ་འགྱུར་ལྡོག་བྱུང་བའང་དེ་དང་འབྲེལ་བ་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཡིག་ཆར་གཞིགས་ནས་ཏེའོ་ཡུས་གླིང་ཕྲན་ཀྲུང་གོར་ཕྱིར་སྤྲོད་བྱས་ཡོད། རི་པིན་གྱིས་མི་སེར་སྤེལ་བའི་བརྒྱུད་རིམ་དང་དེའི་ས་བཀྲ་ལས་མངོན་པའི་འབྲེལ་ཡོད་ཀྱི་བསྟན་དོན་ལས་ཏེའོ་ཡུས་གླིང་ཕྲན་ཀྲུང་གོའི་ཡིན་པའི་དོན་དངོས་ལ་འགྱུར་བ་སྤུ་ཙམ་ཡང་གཏོང་མི་ཐུབ་པ་མཚོན་ཡོད་ཅེས་གསུངས། (པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་བདེ་སྐྱིད་སྒྲོལ་དཀར་གྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།