ཆུ་བེད་འཛུགས་སྐྲུན་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་པས་དམངས་འཚོའི་ཇུས་ཆེན་དང་འབྲེལ་ཡོད་ཐོན་ལས་དར་རྒྱས་གོང་འཕེལ་དང་འབྲེལ་བ་དམ་ཟབ་ཡོད།
འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས“མ་འཇོག་བརྟན་འཕར་དང་། སྒྱུར་བཅོས་གཏིང་ཟབ། དོ་དམ་ལ་ཤུགས་སྣོན། བདེ་འཇཌ་འགན་སྲུང་། སྣོད་བཅུད་སྲུང་སྐྱོང་། སྤྱོད་ཚུལ་འགྱུར་ལྡོག”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དཀའ་སྤྱད་སྙིང་རུས་དང་ལས་ཀ་ཏན་ཏིག་བསྒྲུབས་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ལི་ཝུན་ཧན་གྱིས་རྣམ་གྲངས་དམ་འཛིན་བྱེད་པ་ནི་དམངས་འཚོ་ལེགས་གཏོང་བྱེད་པ་ཞིག་དང་། རྣམ་གྲངས་དམ་འཛིན་བྱེད་པ་ནི་ཞི་མཐུན་བརྟན་ལྷིང་དམ་འཛིན་བྱེད་པ་ཞིག རྣམ་གྲངས་དམ་འཛིན་བྱེད་པ་ནི་གཏིང་ཤུགས་དམ་འཛིན་དང་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བ་ཞིག་བཅས་རེད་ཅེས་བཤད་པ་རེད།
2014ལོའི་དགུན་དུས་སུ་ཕོད་མདོ་ཆུ་བེད་ལྟེ་གནས་ཀྱི་ལས་གྲྭས་དགུན་དུས་སུ་ཁྱོན་ཡོངས་ནས་གློག་ཐེངས་དང་པོ་བཏང་བ་རེད། ཕོད་མདོའི་ཆུ་བེད་ལྟེ་གནས་ཀྱི་ལས་གྲྭས་ཞིང་ཆུ་འདྲེན་པ་དང་གློག་གཏོང་བའི་ཕན་འབྲས་ཆེན་པོ་གཉིས་ནང་གློག་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་ཆ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་རྣམ་གྲངས་ཞིབ་མཆན་འགོད་པའི་ལས་དོན་ཚང་མ་ལེགས་སྒྲུབ་བྱས་པ་དེས་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་སླར་ཡང་ངོ་མཚར་བསྣན་ཡོད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་རྒྱུན་སྲིང་ལྷོད་མེད་ངང་འཆར་འགོད་ལ་དམ་འཛིན་དང་དུས་འགོའི་ལས་དོན་ལ་སྐུལ་འདེད་བཏང་ནས་འཆར་འགོད་སྒྲིག་བཟོ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལེགས་གྲུབ་བྱེད་པའི་འཕེལ་རིམ་དང་སྤུས་ཚད་དེ་རྣམ་གྲངས་བཀོད་སྒྲིག་དང་སྦྲེལ་མཐུད་བྱས་ཏེ་ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་ནན་པོ་བྱེད་པ་དང་དུས་མཚམས་རེ་རེ་བཞིན་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་རྣམ་གྲངས་788ནང་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་པའི་རྣམ་གྲངས་752ཟིན་ནས་95.4%ལེགས་བསྒྲུབས་བྱས་ཡོད། དུས་མཚུངས་འཕེལ་རིམ་དང་། དོ་དམ། སྤུས་ཚད། བདེ་འཇགས་བཅས་ལ་དམ་འཛིན་བྱ་རྒྱུ་དེ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་ཆུ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཚང་མ་དོན་འཁྱོལ་བྱས་ནས་ལོ་ཧྲིལ་པོར་རྣམ་གྲངས་273འཛུཌ་སྐྲུན་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་37བཏང་བ་དེས་ལོ་ཧྲིལ་པོའི་མ་འཇོག་འཆར་གཞིའི་82%ཟིན་ཡོད་པ་རེད།
ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ།
རང་སྐྱོང་ལྗོངས་ཆུ་བེད་ཐིང་ཞིང་ཆུ་ཁྲུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལེགས་སུ་གཏོང་བ། “ཆུང་གྲས་ལྔའི”ཆུ་བེད་ལས་གྲྭ ཆུ་མཛོད་ཉེན་སེལ་བརྟན་གཏོང་། ཆུ་བོ་འབྲིང་ཆུང་བཅོས་སྒྲིག་སོགས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཆུ་བེད་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་ཐད་ཀའི་སྒོ་ནས་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ཡོད་ལ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡིས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད(ཆེད་དོན)རྫོང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་30གསར་སྣོན་དང་ལེགས་གཏོང་བྱས་པ་དང་། རྩྭ་ཆུ་འདྲེན་ཁྱོན་མུའུ་ཁྲི་5གསར་སྣོན་བྱས་པ། དགོན་སྡེའི་འཐུང་ཆུ་བདེ་འཇགས་ཀྱི་ལས་གྲྭ་ལོ་འཁོར་མོ་ནང་ཚང་མ་ལེགས་སྒྲུབ་བྱས་པ། ལོ་ཧྲིལ་པོར་གློག་སྤྱོད་མི་འབོར་ཁྲི་12.7གསར་སྣོན་བྱས་པ་དང་གློག་སྤྱོད་ཆ་རྐྱེན་ལེགས་སུ་བཏང་ཡོད་པ་རེད།
2014ལོར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)18ཀྱིས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་གི་རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་དང་ཐ་ན་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འཕར་བརྟན་འཕར་ཡོང་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།
ཆུ་བེད་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
སྙེ་མོ་རྫོང་ཆུ་དོན་ཅུས་ཀྱིས་ཆུ་དོན་གཞི་གཅིག་ཅན་དུ་འགྱུར་རྒྱུ་དེ་ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་མགྱོགས་པོ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་། ཤང་གྲོང་5ཡི་ཞིང་འབྲོག་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཞིང་འབྲོག་པ་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པ་དང་ཆུ་བེད་ཆེད་ལས་ཀྱི་རྩལ་ནུས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་བཏང་ཡོད། གཞན་ཡང་ཞིང་འབྲོག་པའི་ཆུ་སྤྱོད་དུད་ཚང་མཐུན་ཚོགས་འཐུས་ཚང་དུ་བཏང་སྟེ་མིག་སྔར་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་32ཚང་མར་ཞིང་འབྲོག་པའི་ཆུ་སྤྱོད་དུད་ཚང་མཐུན་ཚོགས་བཙུགས་ནས་ཁྱབ་ཚད་100%ཟིན་ཡོད་པ་རེད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་སྒྱུར་བཅོས་མཐའ་འཁྱོངས་བྱ་རྒྱུ་དེ་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་ཆུ་བེད་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་སྒྱུར་བཅོས་གཏོང་བའི་ལས་ཀའི་སྒྲིག་གཞི་བཙུགས་པ་དང་། རང་ལྗོངས་ཀྱི་ཆུ་བེད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ། རྣམ་གྲངས་31གི་སྒྱུར་བཅོས་ལས་འགན་དང་དེ་བཞིན་ལེགས་སྒྲུབ་དུས་ཚོད་གསལ་པོ་བཟོས་པ། ལས་འགན་ཁག་བགོས་བྱས་པ། འགན་འཁུར་ཚན་པ་དང་འགན་འཁུར་བ་གཏན་འཁེལ་བྱས་པ་རེད། མ་དངུལ་གཏོང་གྲངས་སྒོར་ཁྲི་3000ལས་དམའ་བའི་རྣམ་གྲངས་ཞིབ་མཆན་འགོད་དབང་ས་ཁུལ(གྲོང་ཁྱེར)ཁག་ཏུ་སྤྲད་པ་དང་། རྒྱལ་ཁབ་གློག་དྲ་ཕུད་ཞིང་གློག་དོ་དམ་ལམ་ལུགས་སྒྱུར་བཅོས་ཀྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པ། ཆུ་དོན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཚོད་ལྟ་འཆར་གཞི་ལྟར་བྱས་པ། འཕྱོངས་རྒྱས་དང་སྨན་གླིང་རྫོང་གཉིས་ཀྱི་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་གྲྭ་དང་ལས་གྲྭ་མིན་པའི་བྱ་ཐབས་ཀྱི་ཕྱོགས་བསྡུས་ཚོད་ལྟ་བྱས་པ། གོང་དཀར་དང་ལྷུན་གྲུབ་རྫོང་གཉིས་ཀྱི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་ཆུང་གྲས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟ་བདེ་བླག་ངང་བྱས་པ་བཅས་རེད།
2014ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་པའི་ལོ་ཞིག་ཡིན་པས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཆུ་བེད་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་པ་དང་། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་སྲོག་ཤིང་དུ་བྱས་པ། དམངས་འཚོའི་ཆུ་བེད་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་པ། ཆུ་བེད་སྲིད་འཛིན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་དམིགས་ཚད་དུ་བརྩིས་ཏེ་མ་འཇོག་བྱེད་མང་དུ་གཏོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དོ་དམ་ནན་པོ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོར་ཕན་པ་འདོགས་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”ཆུ་བེད་འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཆུ་བེད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ངང་ཆུ་རྒྱས་པའི་དུས་བརྒལ་བ། ཆུ་བེད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་འགན་ལེན་བྱས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལག་རྟགས་སུ་འབུལ་རྒྱུ་ཡིན་པ་རེད།