དབུ་ཤོག>གསར་འགྱུར།
  • 2014ལོའི་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་130ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་དྲ་བ།   |     སྤེལ་དུས།  2015-03-15

    ཤིན་ཧྭ་དྲ་བའི་ཐོག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་འགག་སྒོའི་བསྡོམས་རྩིས་ཀྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2014ལོར་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་138.48ཟིན་པ་དེ་དུས་མཚུངས་ལས་32.96%ཆག་པའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་129ཟིན་པ་དེ་དུས་མཚུངས་ལས་36.6%ཆག་པ་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.48ཟིན་པ་དེ་དུས་མཚུངས་ལས་205%འཕར་ཡོད།

    ལྷ་ས་འགག་སྒོས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་ཆེས་ཆེར་ཆག་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ནི། ཟླ་8པ་ནས་9པའི་ཟླ་དཀྱིལ་བར་བོད་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པའི་ནེ་པ་ལའི་ས་མཚམས་ནང་གི་ཏ་ཏུའུ་པ་ཉིའི་འགག་སྒོའི་ལམ་དུམ་བུར་གཞི་ཁྱོན་ཆེ་བའི་རི་ཉིལ་བའི་གནས་ཚུལ་ཐོན་ནས་འགྲོ་ལམ་ཆད་པ་དང་དངོས་ཟོག་འབོར་ཆེན་ཕུང་གསོག་ཐེབས་ནས་ཕྱོགས་གཉིས་པོའི་ཉོ་ཚོང་དུས་ཚོད་རིང་པོ་ཆད་ཡོད།ཟླ་8པ་ནས་ཟླ་10པའི་བར་བོད་ཀྱི་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་19.79%ཆག་པས་ལོ་ཧྲིལ་པོའི་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་གྱི་བསྡོམས་འབོར་དེ་2.18%འཕར་ཡོད།

    བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་དེ་གཙོ་བོ་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་དང་སྤྱིར་བཏང་ཚོང་དོན་ལས་གྲུབ་ཅིང་། 2014ལོར་བོད་ཀྱི་མཐའ་མཚམས་འབོར་ཉུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་121.74ཟིན་པ་དེ་2.18%འཕར་ཏེ་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་87.91%བཟུང་བ་དང་། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་16.7ཟིན་པ་དེ་80.88%ཆེས་ཆེར་ཆག་སྟེ་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་12.05%བཟུང་ཡོད།

    ལས་རིགས་གཅིག་པའི་མི་སྣས་དབྱེ་ཞིབ་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། དེ་སྔ་ནེ་པ་ལ་དང་ཚོང་དོན་གྱི་འགག་སྒོ་ཆེ་ཤོས་ཡིན་པའི་སྐྱིད་གྲོང་འགག་སྒོའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ། བོད་དུ་སྐྱོད་པའི་ལྕགས་ལམ་གཉིས་པ་ཡིན་པའི་ཁྲོན་བོད་ལྕགས་ལམ་དངོས་སུ་ལས་འགོ་ཚུགས་པ། འདི་ལོ་བོད་ཀྱིས་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་བསྐྲུན་པ་སོགས་ཕན་ཡོད་ཀྱི་རྒྱུ་རྐྱེན་མང་པོའི་འོག་འབྱུང་འགྱུར་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་ལ་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་པས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་བྱེད་གསར་པར་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།