ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཙུགས་པ་ནས་བཟུང་ཆེད་ལས་ཅན་གྱི་ཞབས་ཞུ་དང་། རྒྱུན་རྣམ་ཅན་གྱི་ཞབས་ཞུ། གོ་རིམ་ཅན་གྱི་ཞབས་ཞུ་བཅས་དམ་འཛིན་བྱ་གཞིར་བརྩིས་ནས་རང་ངོས་ཀྱི་ཞབས་ཞུའི་ཆུ་ཚད་འཛུགས་སྐྱོང་དང་མ་འཇོག་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་གླིང་ཁུལ་གྱི་ཚན་རིག་དང་ཤེས་དཔལ་གྱི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
2014ལོའི་ལོ་མཇུག་བར་ནུས་རྒྱུ་གསར་པ་དང་། སྤུས་ལེགས་བཟོ་སྐྲུན་རྒྱུ་ཆ། ཟོག་འགྲེམས་ཚོང་དོན། བོད་ལུགས་གསོ་རིགས་དང་བོད་སྨན་སོགས་ཁེ་ལས་སྣ་ཚོགས་29ནང་འདྲེན་བྱས་པ་དང་། ཁེ་ལས་ཀྱི་ཐོ་བཀོད་མ་རྩ་སྒོར་དུང་ཕྱུར་5.075ཟིན་པ། འཛུགས་སྐྲུན་ལས་འགོ་ཚུགས་པའི་ཁེ་ལས་10ཟིན་པ། ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཁེ་ལས་5ཟིན་པ། ཁེ་ལས་ནས་ཁྲལ་འབབ་སྒོར་ཁྲི་3091བསྡུས་པ་བཅས་རེད།
ཆེད་ལས་ཅན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་དཔུང་ཁག་གི་གནད་དོན་ཐག་གཅོད་ནུས་པ་ཆེ་རུ་བཏང་བ། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ལས་ཀའི་དོན་དངོས་ལ་གཞི་ཚུགས་ནས་སློབ་སྦྱོང་གི་ལམ་ལུགས་དང་ནང་ཁུལ་གྱི་སློབ་སྦྱོང་ལམ་ལུགས་སྣ་ཚོགས་བཟོས་པ་དང་འབྲེལ་འཐུས་ཚང་དུ་བཏང་ནས་གཟའ་འཁོར་རེའི་གཟའ་པ་སངས་ཉིན་མོར་གཅིག་སྡུད་སློབ་སྦྱོང་བྱེད་པའི་ལམ་ལུགས་བཟོས་ཏེ་དཔུང་ཁག་གི་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་ཆེ་རུ་བཏང་བ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
རྒྱུན་རྣམ་ཅན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུ་དང་ལྟ་སྐུལ་ལ་སྲུབས་ཁ་མི་ལུས་པ་བྱས་པ། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཁེ་ལས་བདའ་འདེད་ཀྱི་ཞབས་ཞུའི་ལམ་ལུགས་བཟོས་པ་དང་འབྲེལ་ལག་བསྟར་བྱས་ནས་ཆེད་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ“གཅིག་གཏད་གཅིག”གིས་ཁེ་ལས་དང་འབྲེལ་བ་བྱེད་པ་དང་གཟའ་འཁོར་རེར་ཁེ་ལས་ནང་ཐེངས་གཅིག་སྐྱོད་དེ་ཁེ་ལས་ཀྱི་གནས་ཚུལ་ཤེས་རྟོགས་དང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ། ཁེ་ལས་ལ་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་པ་རེད།
གོ་རིམ་ཅན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་གླིང་ཁུལ་དུ་ཞུགས་པའི་འགྲོ་ལུགས་དང་གོ་རིམ་ཚད་ལྡན་དུ་བཏང་སྟེ་ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་ཀའི་ཕན་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་ནུས་ལྡན་དུས་ཐོག་ཏུ་ཕྱོགས་སྡོམ་དང་བསྡུ་ལེན་བྱས་ཐོག་ལས་སྒྲུབ་འགྲོ་ལུགས་དང་ཁེ་ལས་གླིང་ཁུལ་དུ་ཞུགས་པའི་འགྲོ་ལུགས་སྔར་བས་གསེད་བཀྲོལ་དང་ཚད་ལྡན་དུ་བཏང་ནས་ལས་ཀའི་འཕེལ་རིམ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱས་ཏེ་རང་འགུལ་ངང་ཞབས་ཞུ་ལེགས་སུ་བཏང་བ་དང་། ཁེ་ལས་ཀྱི་ལས་དོན་མི་སྣས་ལས་སྒྲུབ་ཀྱི་འགྲོ་ལུགས་ཞིབ་ཕྲ་རྟོགས་པ་བྱས་ཏེ་ལས་གྲུབ་དུས་ཚོད་ཐུང་དུ་བཏང་བ། དཔུང་ཁག་གི་ལས་ཕྱོད་དང་ཞབས་ཞུའི་ནུས་པ་ཆེ་རུ་བཅས་བཏང་ནས་ཁེ་ལས་བདེ་བླག་ངང་གླིང་ཁུལ་དུ་ཞུགས་ཐུབ་རྒྱུའི་འགན་ལེན་བྱས་པ་བཅས་རེད།