དབུ་ཤོག>གསར་འགྱུར།
  • གྲོང་ཁྱེར་འཕེལ་རྒྱས་བཟང་། ཤང་གྲོང་ཕྱུག་པོར་གྱུར་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-11

    ཉེ་དུས་སྟོད་ལུང་བདེ་ཆེན་རྫོང་དམར་ཤང་གི་དགྲ་འདུལ་གྱིས་ཉིན་ལྟར་དགའ་ལྷང་ལྷང་ངང་སྡོད་པའི་རྒྱུ་མཚན་ནི་ན་ནིང་ཁོང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ལ་གཡོག་བྱེད་ཡག་པོ་བྱུང་ནས་ཚལ་སྣ་ཁ་འཛོམས་པས་དྲོད་ཁང་ཆེ་མོ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་བས་ཡིན།

    སྟོད་ལུང་བདེ་ཆེན་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་འདབས་སུ་གནས་པ་དང་ཞིང་ལས་མི་འབོར་གྱིས་རྫོང་དེ་ཡོངས་ཀྱི་མི་འབོར་གྱི་80%ཡན་བཟུང་ཡོད། ད་ཕན་ལོ་ཤས་ནང་རྫོང་དེས་གྲོང་ཁྱེར་གྱི་ཁྱབ་འགྱེད་ནུས་པར་གང་ལེགས་བརྟེན་པ་དང་། ཆ་འཕྲིན་ཁ་གསལ་བ་དང་། འགྲིམ་འགྲུལ་སྟབས་བདེ། ཁྲོམ་ར་ཆེ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གྲོང་ཁྱེར་གྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་བཟོ་ལས་དར་སྤེལ་དང་ཚོང་ལས་གཉེར་ནས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ད་ཕན་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱི་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་བྱུང་ཞིང་། བོད་ཀྱི་ཆུ་དང་། ས་རྒྱུ། མཁའ་རླུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”ཐུན་མིན་གྱི་ལེགས་ཆར་བརྟེན་ཏེ་བཟའ་བཅའ་དང་། བཟའ་འཐུང་། སྨན་རྫས། རྒྱན་ཆས་བཅས“སྣ་ཁ་བཞིའི”སྣེ་འདྲེན་ཐོན་རྫས་སུ་བྱེད་པའི་ས་གཙང་སྐྱོན་བྲལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། “ཁུལ་གཉིས་དང་གླིང་བཞིའི”(ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་། སྟག་རྩེ་རྫོང་བཟོ་ལས་གླིང་། ཆུ་ཤུར་རྫོང་བཟོ་ལས་གླིང་། སྟོད་ལུང་བདེ་ཆེན་རྫོང་བཟོ་ལས་གླིང)གླིང་ཁུལ་གཞི་རྟེན་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ལྷན་སྦྱར། ཟོག་འགྲེམས་སྡེབ་སྐྱེལ་སོགས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་ཡོད།

    ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གི་དྲོང་ཁང་ཆེ་མོའི་སྔོ་ཚལ་འདེབས་འཛུགས་ནི་ལྷ་ས་གྲོང་ཁྱེར་གྱིས་གྲོང་འདབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་ཡིན་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་གྱིས་མཚོན་བྱེད་དུ་བྱེད་པའི་གྲོང་རྡལ་འདབས་ཁུལ་དུ་རང་ལྗོངས་ཀྱི་ས་གནས་ཁག་གི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མང་ཚོགས་ཚལ་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ཚལ་འདེབས་ཞིང་པར་ཕྱུག་འགྱུར་གྱི་ཐབས་ལམ་བཏོད་ཡོད།

    གྲོང་འདབས་ཟུང་འབྲེལ་གྱི་ཁུལ་གནས་ལེགས་ཆ་གང་ལེགས་སྤྱད་ནས་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་ཐོག་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་སྣུར་སྲིང་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བཅས་བྱ་ཆེད་ད་ཕན་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱིས་ཤང་གྲོང་ཁེ་ལས་དང་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་དཔལ་འབྱོར་གྱི་འཕར་གནས་གསར་པར་བརྩིས་ཏེ་གཟིགས་སྐྱོང་སྲིད་ཇུས་བཟོས་པ་དང“ཕྱིར་བསྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་ཐབས་སྤྱད་ནས་ཚོང་འགུགས་མ་འདྲེན་བྱས་པའི་ཐོག་མང་ཚོགས་ཀྱིས་མཉམ་གཉེར་དང་དུད་ཚང་གིས་ཤང་གྲོང་ཁེ་ལས་གཉེར་རྒྱུར་ལྕག་སྐུལ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲེང་ཀོན་ཆུས་ཁོ་ནར་བཟོ་ལས་ཁེ་ལས་15དང་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་12ཡོད་པ་རེད།

    གྲོང་ཁྱེར་གྱི་འཕེལ་རྒྱས་ལ་དམིགས་ནས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ལྷ་སའི་གྲོང་འདབས་དཔལ་འབྱོར་གྱི་བཀྲག་མདངས་འཚེར་ས་གཞན་ཞིག་ཡིན་ཞིང་། 2014ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་སྐྱོན་བྲལ་ཐོན་ལས་དེ་འཕེལ་རྒྱས་གཙོ་གནད་དུ་བྱེད་པའི་ཞིང་འབྲོག་ལས་ཅན་འཕེལ་རྒྱས་ཅུང་མགྱོགས་པ་དང་གྲོང་ཁྱེར་ཡོངས་སུ་ཕྱུགས་བཤས་བཏང་ཚད་མགོ་གྲངས་ཁྲི་24.65ཟིན་པ་དང་བཞོན་མ་གསོ་ཚགས་རྟེན་གཞིའམ་ཁུལ་ཆུང་19དང་། ཕག་པ་གསོ་ཚགས་རྟེན་གཞི་23 བོད་བྱ་གསོ་ཚགས་རྟེན་གཞི་26བཅས་བསྐྲུན་ཡོད། ས་གཙང་སྐྱོན་བྲལ་ཐོན་ལས་རིན་ཐང་སྒོར་དུང་ཕྱུར་11ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་27.78ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་ནས་གྲོང་རྡལ་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12680ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3225ཟིན་པ་དེ་དུས་མཚུངས་ལས་18.3%འཕར་ཡོད་པ་རེད།

    མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་མུ་མཐུད་རྒྱ་བསྐྱེད་བཏང་སྟེ“ཤར་བསྲིང་ནུབ་བསྐྱེད་ལྷོ་སྒྲོལ”གྱི་ཁྱབ་ཚུལ་ལ་དམིགས་ནས་སྣེའུ་ཁུལ་གསར་དང་གྲོང་ཤར་ཁུལ་སོགས་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པའི་ངང་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་བཏང་བ་དང་གྲོང་ཁྱེར་གྱི་འགྲོ་ལམ་དང་མདོང་ལམ་དྲ་བ་དང་། དེ་བཞིན་འབྲེལ་ཡོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་བར་བརྟེན་གྲོང་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་དང་། རིག་གནས། སློབ་གསོ་སོགས་གྱི་ནང་དོན་དང་འབྲེལ་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་གསར་གཏོད་གླིང་ཁུལ་དང་ལྷ་ས་སློབ་གསོའི་གྲོང་སྔ་རྗེས་སུ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གི་ཚེ་མཆོག་གླིང་དང་དཔལ་སྡིངས་གྲོང་ཚོར་བདེ་བླག་ངང་བསྐྲུན་པ་མ་ཟད། སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་བཞིན་ཡོད་པ་མཚོན་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་པོ་བཏོད་པར་བརྟེན་རྒྱ་ཆེའི་གྲོང་མི་ཚོ་ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཞུགས་པའི་ཁྲོད་འཕེལ་རྒྱས་ཀྱི་ལས་རྗེས་བཏོད་པ་དང་འཕེལ་རྒྱས་ཀྱི་འགྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། མིག་སྔར་ལྷ་སའི་དཔལ་འབྱོར་མགྱོགས་མྱུར་འཕར་བ་མ་ཟད། མྱུར་ཚད་དང་སྤུས་ཚད་ཀྱང་མངོན་འགྱུར་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2014ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར137.83ཟིན་པ་དེ་དུས་མཚུངས་ལས10.3%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།