དབུ་ཤོག>གསར་འགྱུར།
  • ཕུགས་འཕེར་གྱི་ཇུས་གཞི་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-11

    “འོས་བབ་ཐོབ་ཐང་ལག་ཁྱེར་དེ་ནི་རྒྱལ་ཡོངས་སུ་གོ་ཆོད་པ་དང་གང་དུ་བསྐྱོད་ཀྱང་ལས་ཀ་འཚོལ་ཐུབ”ཅེས་ཞིང་འབྲོག་པའི་འདོན་འཇུག་འཁོར་ལོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་མཇུག་འགྲིལ་མཛད་སྒོའི་ཐོག་ལྷོ་ཁ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་དབང་ཆེན་གྱིས་དེ་ལྟར་བཤད། ས་ཁུག་ཁག་ནས་ཡོང་བའི་སློབ་མ70ལྷག་ཙམ་སློབ་སྦྱོང་ཟླ་གཉིས་བྱས་པ་བརྒྱུད་གསོ་སྦྱོང་བདེ་བླག་ངང་མཇུག་འགྲིལ་ནས་དགའ་སྤྲོའི་ངང་རྒྱལ་ཁབ་ཀྱིས་སྤྲད་པའི་དམིགས་བསལ་ལས་རིགས་བཀོལ་སྤྱོད་ལག་ཁྱེར་དང་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་བཟོས་པའི་ལས་རིགས་ཐོབ་ཐང་ལག་ཁྱེར་རག་པ་རེད།

    དུས་ཡུན་ཟླ་གཉིས་ཀྱི་གསོ་སྦྱོང་ནང་གཙོ་བོ་འདོན་འཇུག་འཁོར་ལོའི་རྩ་བའི་གྲུབ་ཆ་དང་། བཀོལ་སྤྱོད་བརྒྱུད་རིམ། བཀོལ་སྤྱོད་བྱེད་སྟངས་། དངོས་སུ་སྤྱོད་སྟངས། རྒྱུན་གཏན་གྱི་སྐྱོན་ཆ་བཟོ་སྟངས་སོགས་ཀྱི་ནང་དོན་སློབ་ཁྲིད་བྱས་པ་དང་། སློབ་མཇུག་འགྲིལ་རྗེས་འོས་བབ་ཐོབ་ཐང་ལག་ཁྱེར་སྤྲད་ཡོད། འོས་བབ་ཐོབ་ཐང་ལག་ཁྱེར་ཡོད་མཁན་ངལ་རྩོལ་པས་ལས་ཀ་འཚོལ་སྐབས་ལས་ཀ་འཚོལ་བདེ་པོ་ཡོད་པ་དང་། ད་ཆ་ས་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བར་ཟླ་རེར་གླ་ཆ་སྒོར5000ནས་6000བར་རག་གི་ཡོད། ཉེ་བའི་ལོ་ཤས་ནང་ལྷོ་ཁ་ས་ཁུལ་གྱི་འཛུགས་སྐྲུན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་ས་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཁོར་ལོའི་ལག་རྩལ་མི་སྣའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བས་ཞིང་འབྲོག་མང་ཚོགས་ཚོས་སྦྱོང་འདོད་ཆེན་པོ་བྱེད་ཀྱི་ཡོད།

    དེ་བས་མང་བའི་ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་བསྐྱོད་ཐུབ་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད2014ལོ་ཚུན་ལྷོ་ཁ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས21གཉེར་ནས་ས་ཞིང་ཤོར་བའི་ཞིང་པ་1300ཙམ་ལ་མ་བྱན་དང་། མཛེས་བཟོ། འཚེམ་བཟོ། འཛུགས་སྐྲུན་སོགས་ཀྱི་ལས་རིགས་གསོ་སྦྱོང་བྱས་ཡོད།

    “ང་ཚོས་ངལ་རྩོལ་ལ་བརྟེན་ནས་དངུལ་གསོག་གི་ཡོད”ཅེས་མཛེས་བཟོའི་ལག་རྩལ་གསོ་སྦྱོང་ནང་ཞུགས་མཁན་ལྷག་པ་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད། གསོ་སྦྱོང་ནང་ཞུགས་རྗེས་ཁོ་མོར་མཛེས་བཟོ་མཁན་གྱི་དམའ་རིམ་ལས་རིགས་འོས་བབ་ཐོབ་ཐང་ལག་ཁྱེར་རག་པ་དང་མཛེས་བཟོ་ཁང་དུ་ལས་ཀར་བསྐྱོད་ན་ཟླ་རེར་ཉུང་མཐར་ཡང་གླ་ཆ་སྒོར2500རག་གི་ཡོད།

    2014ལོར་ལྷོ་ཁ་ས་ཁུལ་དུ“ཕྱུགས་འགྱུར་འཇོན་ཐང་ཅན”མི་ཉུང་བ་ཞིག་ལས་གཏོད་གསོ་སྦྱོང་ནང་ཞུགས་རྗེས་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པ་བྱུང་ཞིང་། ཚེ་རིང་སྒྲོལ་དཀར་གྱིས་རང་ཉིད་ཀྱི་ཕ་ཡུལ་ལྷོ་བྲག་རྫོང་དུ་མི་རིགས་ལག་ཤེས་ལས་རིགས་གསོ་སྦྱོང་ལྟེ་གནས་བཙུགས་པ་དང་འབྲེལ་ལྷ་སའི་ཡུལ་སྐོར་ཐོན་ཟོག་ཕྱིར་འཚོང་ཀུང་སི་ཞིག་དང་ཐོན་ཟོག་བྲིན་ཚོང་བྱ་རྒྱུའི་གན་རྒྱ་བཞག “ང་ཚོས་ལོ་ལྟར་བཟོས་པའི་ལྟོད་ཕད་དང་། འབག ཁ་གདན་སོགས་ཀྱི་ཚོང་ཟོག་མ་བྲིན་པའི་སེམས་ཁྲལ་བྱེད་དགོས་མེད”ཅེས་ཚེ་རིང་སྒྲོལ་དཀར་གྱིས་གསར་འགོད་པར་དེ་ལྟར་བཤད། ཁོང་གིས་གསོ་སྦྱོང་ལྟེ་གནས་སུ་ས་ཆ་དེ་རང་གི་མང་ཚོགས་20ཙམ་བསྡུས་ཡོད་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར2000ཡན་སྤྲོད་ཀྱི་ཡོད།

    ཚེ་རིང་སྒྲོལ་དཀར་དང་འདྲ་བའི་བྱ་གཞག་ལེགས་སྒྲུབ་བྱུང་བའི་གྲས་སུ་ད་དུང་ཆུ་གསུམ་རྫོང་གི་སྐལ་བཟང་བསྟན་ཆུང་དང་རྒྱ་ཚྭ་རྫོང་གི་ཚེ་རིང་གཡང་འཛོམ་སོགས་ཡོད། ཁོ་ཚོ་ལས་གཏོད་གསོ་སྦྱོང་ནང་ཞུགས་པ་བརྒྱུད་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་རྙེད་པ་དང་ད་ཆ་ས་ཁུལ་དེ་ཡོངས་ཀྱི་རྫོང་12ཚང་མས་རང་ཉིད་ཀྱི་སྤུས་རྟགས་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།