དབུ་ཤོག>གསར་འགྱུར།
  • རླུང་གཡོར་བསྒྲེངས་ནས་མདུན་དུ་བསྐྱོད།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-06

    2013ལོ་ཚུན་དུ་ཆབ་མདོས“དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འདི་ཉིད་ཆབ་མདོའི་སྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་དང་དཔེ་སྟོན་ཁུལ་དང་། ཐོན་ལས་གཅིག་སྡུད་བྱ་ཡུལ། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་མཚོན་བྱེད། ཡིད་འོང་གཙང་གསུམ་གྱི་གནས་མཆོག དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གལ་ཆེན་གསར་པ་བཅས་ལ་གཏོད་རྒྱུའི”དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་བསྡུ་བཤིག་སྤོ། ཚོང་འགུགས་མ་འདྲེན། མ་རྩ་མཉམ་བསྡུའི་དངུལ་བུན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་ཕན་འབྲས་ཡག་པོ་ཐོན་ཏེ་བོད་ཤར་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གང་མྱུར་འཕེལ་རྒྱས་ཡོང་བའི་ཟམ་མཁར་ཞིག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱས་ཡོད་པ་རེད།

    གཅིག་འདོམས་འཆར་འགོད་ཀྱི་རླུང་གཡོར་བསྒྲེངས།

    ཆབ་མདོ་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་བླང་བྱ་གཞིར་བཟུང་འཆར་འགོད་སྣེ་ཁྲིད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གཙོ་བོར་བྱེད་པ་དང་། ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་འགུལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་ནས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་འགྱུར་ལྡོག་ཡོང་བ་བྱས་ཡོད། འདུ་ཤེས་དེར་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་གསར་སྤེལ་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས《ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་ཞིབ་ཕྲ》སོགས་རིགས་ཁག་གི་འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་བ་རེད།

    མངོན་མེད་ཁོར་ཡུག་བཟང་པོ་ནི་དཔལ་འབྱོར་གང་མྱུར་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཆ་རྐྱེན་ཞིག་ཡིན་ལ་གསར་སྤེལ་ཁུལ་འཛུགས་སྐྲུན་གྱི་མཐུན་རྐྱེན་ཞིག་ཀྱང་རེད། དེར་བརྟེན་གསར་སྤེལ་ཁུལ་གྱིས“ལྟེ་བ་གཅིག་དང་། ཁུལ་གཅིག་ཡུག་ལྔ”བཅས་ཀྱི་བར་སྟོང་བཀོད་སྒྲིག་དང་ཟུང་འབྲེལ་དང་མེ་འཁོར་བབས་ཚུགས་ཀྱི་འཆར་འགོད་འཛུགས་སྐྲུན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བང་མཛོད་ཀྱི་ཟོག་འགྲེམས་དང་། ཚོང་དོན་ཞབས་ཞུ། སྲིད་འཛིན་གཞུང་སྒྲུབ། སྡོད་གནས་ལེ་ལག་ཚང་བ་སོགས་ཀྱི་བྱེད་ནུས་ས་ཁོངས་རྒྱུད་སྤེལ་གྱིས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རུས་སྒྲོམ་ལྟ་བུ་ལུགས་མཐུན་ཡོང་བ་བྱས་པ་རེད། དེ་དང་ཕྱོགས་མཚུངས་འཆར་འགོད་ལེགས་སྒྲིག་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། མེ་ཟོན། ཆུ་འདོན། སོལ་འདོན། གློག་འདོན། བཙོག་འབུད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་སྦྲེལ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་རིགས་ཁག་གི་འཛུགས་སྐྲུན་བསྐྱར་མ་མི་ཐོན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་དང་ས་ཆ་བེད་སྤྱོད་འཆར་འགོད་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པས་སྤྱིའི་འཆར་འགོད་དང་ས་ཆ་བེད་སྤྱོད་འཆར་འགོད་ཕན་ཚུན་མཐུན་པ་དང་རྣམ་གྲངས་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལུགས་མཐུན་ས་ཆ་བསྡུ་སྤྱོད་ཀྱི་རླུང་གཡོར་བསྒྲེངས།

    གསར་སྤེལ་ཁུལ་གྱིས་ས་སྤྱོད་དང་། མ་དངུལ། དམངས་འཚོ། ལམ་སྲོལ་སོགས་གཙོ་གནད་མངོན་གསལ་དོད་པོར་དམིགས་ཏེ་འཇུར་མིག་གི་ཚོད་འཛིན་ཧུར་ཐག་བསལ་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་དང་དམངས་འཚོ་འཛུགས་སྐྲུན་ལ་དམ་འཛིན་བྱས་པ་དེས་འཕེལ་རྒྱས་ཀྱི་འགག་རྩ་དམ་འཛིན་བྱས་པའི་འདུ་ཤེས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།

    གསར་སྤེལ་ཁུལ་གྱིས་ས་བསྡུ་བཤིག་སྤོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་དགོས་མཁོར་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ《ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རོགས་སྐྱོར་སྲིད་ཇུས》དང《ཆབ་མདོའི་གསར་སྤེལ་ཁུལ་གྱི“མང་ཚོགས་ཀྱི་ཁེ་ཕན་མཉམ་སྤྱོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི”བྱ་ཐབས》སོགས་རོགས་སྐྱོར་སྲིད་ཇུས་ལུགས་མཐུན་ངང་བཟོས་པ་རེད།

    གཞན་ཡང་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཆེ་རུ་གཏོང་བ་དང་རོགས་སྐྱོར་བྱ་ཐབས་གང་ལེགས་སྤྱད་དེ་བཤིག་སྤོའི་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་དོན་འཁྱོལ་བྱས་པ་རེད། ད་ཆ་ཁག་དང་པོའི་སློབ་མ་50ལ་ཁ་ལོ་བའི་གསོ་སྦྱོང་བྱས་པ་མ་ཟད་ས་ཆ་ཤོར་བའི་མང་ཚོགས་6གསར་སྤེལ་ཁུལ་དུ་བཅའ་སྡོད་ཁེ་ལས་སུ་ལས་ཞུགས་འོས་སྦྱོར་བྱས་པ་རེད།

    གསར་སྤེལ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ས་བསྡུ་བཤིག་སྤོ་བྱ་རྒྱུ་རྣམ་གྲངས་ཀྱི་རྗེས་སུ་སྙེག་རྒྱུ་མཐའ་འཁྱོངས་བྱས་ནས་དཀའ་ངལ་ཁྱད་བསད་ཀྱིས་མི་རྒྱུ་དངོས་གསུམ་གཅིག་སྡུད་བྱས་ནས་ས་བསྡུ་བཤིག་སྤོའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་སྡོད་གནས་བཀོད་སྒྲིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། མིག་སྔར་2014ལོའི་ཁག་དང་པོའི་ས་བསྡུ་མུའུ་1561.41ལེགས་གྲུབ་ཟིན་ནས་ལྕགས་ཁ་གྲོང་ཚོའི་བཤིག་སྤོ་དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་ས་བསྡུའི་ཁ་གསབ་མ་དངུལ་སྒོར་ཁྲི་6287.02སྤྲད་པ་དང་།གཞུང་ཁོངས་འཛུགས་སྐྲུན་གྱི་ས་སྤྱོད་5ཡི་མུའུ་532.39གཞན་སྒྱུར་འགྲོ་ལུགས་གཉེར་ཟིན་པ། ཆབ་མདོ་རྫོང་གི་དབུལ་སྒྲོལ་ཁ་ལོ་བའི་སློབ་གྲྭ་སོགས་ནང་བཤུག་གི་ཆ་རྐྱེན་འཛོམས་པའི་གཞུང་ཁོངས་འཛུགས་སྐྲུན་གྱི་ས་སྤྱོད་3དེ་འོས་འགུག་འོས་དཔོད་ཀྱི་དུས་མཚམས་སུ་སླེབས་ཡོད་པ་རེད།

    ཚོང་འགུགས་མ་འདྲེན་གྱི་རླུང་གཡོར་སྤྱད།

    གསར་སྤེལ་ཁུལ་བཙུགས་ཚུན་ཆེད་ལས་ཅན་དང་། རྒྱུན་གཏན་ཅན། གོ་རིམ་ཅན་བཅས་ཀྱི་ཞབས་ཞུའི་རྣམ་པར་བརྟེན་ནས་ཚོང་འགུགས་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ཚོང་འགུགས་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་རང་ངོས་ཀྱི་ཞབས་ཞུའི་ཆུ་ཚད་འཛུགས་སྐྱོང་དང་མ་འཇོག་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

    གསར་སྤེལ་ཁུལ་གྱིས“ཁེ་ལས་གསར་སྤེལ་ཁུལ་ནང་ཞུགས་པའི་ལས་གཉེར་གོ་རིམ”བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ“ཁེ་ལས་ཀྱི་རྗེས་སྙེག་ཞབས་ཞུའི་ལམ་ལུགས”བཙུགས་པ་རེད། “ཁེ་ལས་ཀྱི་རྗེས་སྙེག་ཞབས་ཞུའི་ལམ་ལུགས”གཞིར་བཟུང་སྐྲུན་བཞིན་པའི་ཁེ་ལས་ཚང་མར་ལས་དོན་མི་སྣ་མངགས་གཏོང་བྱ་རྒྱུ་དེ་རྗེས་སྙེག་ཞབས་ཞུའི་འབྲེལ་གཏུག་པ་ཡིན་པའི་ངོས་ནས“གཅིག་རོགས་གཅིག”གི་ཞབས་ཞུའི་མ་ལག་བཙུགས་ཏེ་ཁེ་ལས་ཀྱི་འགུལ་ཚུལ་ཁོང་དུ་ཆུད་པ་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོ་དང་དཀའ་ངལ་ཤེས་རྟོགས་ཀྱིས་ཁེ་ལས་ཆེད་དོན་དངོས་སྒྲུབ་པ་དང་དཀའ་གནད་བསལ་བ་རེད།

    ཁེ་ལས་གཅིག་མཇུག་གཉིས་མཐུད་ངང་གཞི་ཚུགས་པའི་གཏམ་བཟང་ཡང་ཡང་གྲགས། གསར་སྤེལ་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་ཁག་ནང་ཞུགས་པ་དང་ནང་སའི་རིགས་ཁག་གི་སྲིད་གཞུང་དང་ཁེ་ལས་བྱ་གཞག་ཚན་པ་དང་སྦྲེལ་མཐུད་ཧུར་ཐག་ཡོང་བ་བྱས་ཏེ་གོ་སྐབས་ཡོད་དོ་ཅོག་སྤྱད་དེ་ཆབ་མདོའི་གསར་སྤེལ་ཁུལ་དྲིལ་བསྒྲགས་དང་ཁེ་ལས་ཁག་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཅའ་སྡོད་བྱ་རྒྱུའི་ཡིད་བཀུག་པ་རེད། མིག་སྔའི་བར་ཁེ་ལས་ཁྱོན་120དང་འབྲེལ་གཏུག་བྱས་ནས་འདོད་འདུན་རང་བཞིན་གྱི་མ་འཇོག་གྲོས་མཐུན་ཁག་18བཞག་པར་འདོད་འདུན་མ་འཇོག་གི་དངུལ་སྒོར་དུང་ཕྱུར་25.301ཟིན་ཡོད་པ་རེད། ཐོ་འགོད་གཞིས་ཆགས་ཀྱི་ཁེ་ལས་ཁག་29ཡོད་པར་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་5.075ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།