2014ལོར་ཆབ་མདོ་གྲོང་ཁྱེར་གྱིས“བཟོ་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་དང་། ཤར་ནུབ་འཕེལ་རྒྱས། རྟེན་གཞི་འཛུགས་པ། རྨང་གཞི་གསུམ་སྲ་བརྟན”བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པ་དེ་རྩ་བའི་དགོངས་གཞིར་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཇུར་མིག་གི་ཚོད་འཛིན་ནུས་ཤུགས་ཡོད་རྒུས་ཞི་ལྷོད་དུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བྱེད་པ། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་བྱས་པས་སྔོན་དཔག་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་128.1ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་22.6%འཕར་རྒྱུ་ཡིན་པ་རེད།
2014ལོར་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་19.9དང་། སྒོར་དུང་ཕྱུར་51.4 སྒོར་དུང་ཕྱུར་56.8བཅས་ཟིན་ཞིང་། སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྔོན་དཔག་ལྟར་ན། སྒོར་དུང་ཕྱུར་152ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་23.4%འཕར་རྒྱུ་ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྔོན་དཔག་ལྟར་ན། སྒོར་དུང་ཕྱུར་9ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་20%འཕར་རྒྱུ་ཡིན་པ། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་202དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་142ཟིན་པ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེ་གཙང་སྒོར་6844ཟིན་པ། སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར་31ཟིན་པ་བཅས་རེད།རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ཞིང་། འགྲིམ་འགྲུལ་གྱི་རྣམ་གྲངས་108ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་27.2བཏང་ཡོད།
རྒྱལ་ལམ་317གྱི་སྔས་ལ་རི་བོའི་ཕུག་ལམ་དང་འབྲུག་བརྒྱབ་ལའི་ཕུག་ལམ་དང་དེ་བཞིན་སྦྲེལ་མཐུད་ལམ་ཐིག་གི་ལས་གྲྭ་དང་། རི་བོ་ཆེ་ནས་སྟེང་ཆེན་བར་གྱི་ལམ་དུམ་སྒྱུར་བཀོད་རྒྱས་སྐྲུན། ཞིང་ཆེན་ལམ་303གྱི་ལྷོ་རོང་ནས་དཔལ་འབར་བར་དང་དཔལ་འབར་ནས་འབྲི་རུ་བར་གྱི་ལམ་དུམ་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭ་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། གྲོང་ཚོ་དང་དགོན་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་2321འཛུགས་སྐྲུན་བྱས་པ་དང་། སྤང་མདའ་ནས་ཁྲུང་ཆིང་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དང་སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་ཀྱི་ལས་གྲྭ་ལས་འགོ་ཚུགས་པ། གློག་ཤུགས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་54.64བཏང་ནས་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱས་ཏེ་མི་ཁྲི་12ཀྱི་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་དང་ལེགས་སུ་ཕྱིན་པ་བཅས་རེད།
འཕེལ་རྒྱས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་18.07དང་། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་17 སྔོ་ཚལ་ཐོན་ཚད་ཏུན་ཁྲི་10བཅས་ཟིན་པ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་5.5དོན་འཁྱོལ་བྱས་པ། “གཙང་གསུམ”ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་21.བཏང་བ། གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་མི་གྲངས་ཁྲི་120ལས་བརྒལ་ནས་ཡོང་འབབ་སྒོར་དུང་ཕྱུར་9.76ཟིན་ཡོད་པ་བཅས་རེད།
དམངས་འཚོའི་འདུ་འགོད་ཏན་ཏིག་ནན་ཏན་ཞིག་ཡོད་པས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་85.5བསྡུ་སྒྲིལ་བྱས་ཏེ“དམངས་འཚོའི་འདུ་འགོད་ཁག་བཅུ་གཉིས”ཀྱི་རྣམ་གྲངས་1008ལག་བསྟར་བྱས་པ་དང་། དམངས་འཚོའི་ཁ་གསབ་སྲིད་ཇུས་སྣ་ཚོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁ་གསབ་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲད་པ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་15485སྒྱུར་བཀོད་དང་གྲོང་ཚོ་240ཡི་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ། དམངས་འཚོའི་ཆུ་འཁོར་220བསྐྲུན་པ། དབུལ་སྐྱོར་དང་ཞིང་ལས་གསར་སྤེལ་རྣམ་གྲངས་437ལག་བསྟར་དང་དབུལ་སྐྱོར་སྐྱེད་གསབ་དངུལ་འབོར་སྒོར་དུང་ཕྱུར་35བཏང་བས་ལོ་ཧྲིལ་པོར་མི་ཁྲི་3.15དབུལ་སྒྲོལ་གྱི་གནད་དོན་ཐག་གཅོད་ཐུབ་པ། གྲུམ་བུ་ཚིགས་ཆེན་ཁུལ་གྱི་མང་ཚོགས་ས་ཆ་གཞན་དུ་གནས་སྤོ་དང་དེ་བཞིན་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ། “8·2”ཀྱི་ས་ཡོམ་གྱི་ཉེན་སེལ་དང་གེགས་སེལ། བར་བརྒལ་བཀོད་སྒྲིག མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་12.5དོན་འཁྱོལ་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་3770སྡོད་ཁང་གསར་པའི་ནང་སྤོས་པ་བཅས་རེད།
གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཞིང་། གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང་ཁུལ་གསར་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་མ་དངུལ་སྒོར་དུང་ཕྱུར་50ཙམ་བཏང་བས་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གཙོ་གནད་ཤང་གྲོང་50ཡི་འཆར་འགོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་57བདེ་བླག་ངང་ལག་བསྟར་བྱས་པ་རེད།