དབུ་ཤོག>གསར་འགྱུར།
  • གོག་གོག་གིས་སྔོ་ཚལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-27

    སྟག་རྩེ་རྫོང་འབྲོམ་སྟོད་ཤང་གི་ཡུག་གཅིག་ཏུ་འབྲེལ་བའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་མོའི་བར་དུ་ཉིན་ལྟར་ལས་ལ་བརྩོན་པའི་བུད་མེད་ཅིག་ཡོད་པ་ཁོང་ནི་ཤང་དེའི་གླིང་ལྔ་གྲོང་ཚོ་ཚོགས་ཆུང་དགུ་པའི་གྲོང་མི་གོག་གོག་རེད། ལོ་དྲུག་གི་གོང་དུ་ཁོང་ནི་གྲོང་གསེབ་ཀྱི་བུད་མེད་དཀྱུས་མ་ཞིག་ཡིན་པ་ལས་ད་ཆ་ཤང་དེར་སྐད་གྲགས་ཆོད་པའི“ཕྱུག་འགྱུར་འཇོན་ཐང་ཅན”ཞིག་ཏུ་གྱུར་ཡོད་པ་རེད།

    གསར་འགོད་པས་གོག་གོག་མཐོང་སྐབས། ཁོང་གིས་འགྱིག་ཁང་ནང་སྒུར་སྒུར་བྱས་ནས་པད་ཚལ་ལ་གཡོག་བྱེད་ཞོར“མིག་སྔའི་འཚོ་བ་ཡག་པོ་འདི་འགྱིག་ཤོག་དྲོད་ཁང་ཆེན་མོ་འདིའི་ནང་ནས‘སྐྱེས་པ’རེད”ཅེས་འཛུམ་དམུལ་དམུལ་སྒོས་བཤད་བྱུང་། གོག་གོག་གིས་འགྱིག་ཤོག་དྲོད་ཁང་ཆེན་མོའི་ནང་སྔོ་ཚལ་བཏབ་ནས་ལོ་11སོང་ཡོད། དེ་སྔོན་ལག་རྩལ་ཤེས་ཀྱི་མེད་པས་སྔོ་ཚལ་གྱི་ཐོན་འབབ་དང་སྤུས་ཚད་དེ་འདྲ་ཡག་པོ་བྱུང་མེད། སྟག་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་2008ལོར་གོག་གོག་གིས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་དུས་ཡུན་ཟླ་བ་གཅིག་རིང་གི་འདེབས་འཛུགས་ལས་རིགས་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

    གསོ་སྦྱོང་མཇུག་འགྲིལ་རྗེས་གོག་གོག་གིས་རང་ཉིད་ཀྱིས་འགན་གཙང་བླངས་པའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་མོ་དེ་ཚོད་ལྟའི་ཞིང་ཁར་བརྩིས་ནས་ལག་ལེན་ཁྲོད་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱས་པ་དང་། ཉམས་མྱོང་བསགས་ནས་ཚན་རྩལ་ཤེས་བྱའི་ནུས་པ་དང་ཕན་འབྲས་རིམ་བཞིན་ཐོན། འབྲོམ་སྟོད་ཤང་གི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་མོའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གོག་གོག་གིས་འགན་གཙང་བླངས་པའི་འགྱིག་ཤོག་དྲོད་ཁང་ཆེན་མོའི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ཡོད། འགྱིག་ཤོག་དྲོད་ཁང་ཆེན་མོ་སྟར་པ་རེ་ནས་ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ཙམ་བྱུང་ནས་གོག་གོག་གི་ཁྱིམ་ཚང་ལ་ཚན་རྩལ་ལས་བྱུང་བའི་ཕན་པ་དངོས་འབྲེལ་ཐོབ་ཡོད།

    “གོག་གོག་ནི་ལས་མེད་བག་ཕེབས་སུ་སྡོད་མི་ཚུགས་པའི་བུད་མེད་ཅིག་ཡིན་པས། ཁོང་གིས་འགྱིག་ཤོག་དྲོད་ཁང་ཆེན་མོའི་ནང་སྔོ་ཚལ་བཏབ་པར་བརྟེན་ནས་ཕྱུག་པོ་ཆགས་རྗེས་ང་ཚོས་ཕར་ཞུ་བར་མ་ཕྱིན་གོང་ཁོང་རང་ཕྱུག་འགྱུར་ཉམས་མྱོང་ཚུར་སྤེལ་བར་སླེབས་སོང”ཞེས་གོག་གོག་དང་མཉམ་དུ་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་མོའི་ནང་ལས་ཀ་བྱེད་བཞིན་པའི་ལྷག་སྒྲོན་གྱིས་རང་གིས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་མོ་གཉེར་བའི་རྒྱུ་མཚན་གླེང་སྐབས་དེ་ལྟར་ཤོད་ཀྱི་འདུག

    ཕྱུག་པོ་ཆགས་པའི་གོག་གོག་གིས་རང་གྲོང་ཚོའི་བུད་མེད་སྒྲིག་འཛུགས་བྱས་ནས་འགྱིག་ཤོག་དྲོད་ཁང་ཆེན་མོ་སྟར་པ་8འགན་གཙང་བླངས་རྗེས་རང་གིས་དེ་སྔོན་སྦྱངས་པའི་ཤེས་བྱ་ལ་བརྟེན་ནས་ཁོང་ཚོར་འདེབས་འཛུགས་ལག་རྩལ་ཁྲིད་པ་དང་། འགན་གཙང་བླངས་པའི་ལོ་བཞིའི་ནང་གོག་གོག་རྒྱུན་ཆད་མེད་པར་གསོ་སྦྱོང་སྣ་ཚོགས་ནང་ཞུགས་ནས་ཤེས་བྱ་གསར་སྒྱུར་བྱས་པས་ལོ་གཅིག་ཁོ་ནའི་ནང་དུད་ཚང་དབུལ་པོ་5ལ་རོགས་རམ་བྱས་ནས“དབུལ་པོའི་ཞྭ་མོ”ཕུད་པ་རེད།

    2011ལོར་གོག་གོག་ཤང་དེའི་ཚན་རྩལ་ཆེད་མངགས་པར་བདམས་པ་མ་ཟད་ད་དུང་སྒོར་ཁྲི་3གྱི་འདེབས་འཛུགས་ལས་རིགས་རྣམ་གྲངས་ཀྱི་གྲོན་དངུལ་ཡང་ཐོབ་ཅིང་། སྒོར་ཁྲི་3ལ་བརྟེན་ནས་དེ་སྔའི་འགྱིག་ཤོག་དྲོད་ཁང་ཆེན་མོ་དེ་ཚལ་མྱུག་སྐྱེད་བསྲིང་རྟེན་གཞིར་བསྒྱུར་ནས་སྲོ་ལོ་སྔོན་པོ་དང་། ཀྲོ་མ་ཀྲུ ཧོང་ཀྭ་སོགས་འདེབས་སླ་བའི་ཚལ་མྱུག་སྐྱེད་བསྲིང་བྱས་ཏེ་ཤང་དེའི་སྔོ་ཚལ་འདེབས་འཛུགས་བྱེད་མཁན་ཞིང་དུད་70ལྷག་ཙམ་གྱི་འགྱིག་ཤོག་དྲོད་ཁང་ཆེན་མོ་སྟར་པ་140ལྷག་ཙམ་ལ་རིན་པ་མ་བླངས་པར་སྤྲད་པ་རེད། འདི་ལོར་ཁོང་གིས་ཡང་བསྐྱར་སྒོར་ཁྲི་3ལྷག་ཙམ་སྔ་རྗེས་སུ་བཏང་ནས་རྨོ་འཕྲུལ་ཆུང་གྲས་དང་། དུག་སེལ་གཤེར་ཁུ། སྐྱེ་ལྡན་ལུད། ཁྱིམ་ལུད་སོགས་ཐོན་སྐྱེད་རྒྱུ་ཆ་ཉོས་ནས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ཁྱིམ་མི་སྔར་བས་མང་པོ་གླས་ནས་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་སྟེ་མི་སྔར་བས་མང་པོ་ཞིག་ལ་དབུལ་གྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།