དབུ་ཤོག>གསར་འགྱུར།
  • 2014ལོའི་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-27

    འདས་ཟིན་པའི་ལོ་གཅིག་ནང་ཁྲེང་ཀོན་ཆུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ཏེ“ཁྲེང་ཀོན་གྱི་དཔལ་འབྱོར་སྔོན་ལ་འཕེལ་རྒྱས”དང“སྣེ་ཁྲིད་པ་བཞི་བརྩོན་ལེན་བྱེད་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་འཁོར་མོའི་གཙོ་གནད་ལས་དོན་དམ་འཛིན་བྱེད་པ་དང་། མ་འཇོག་གི་ཡར་སྐུལ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཛད་སྤྱོད་ཀྱི་སྣེ་ཁྲིད་ལ་ངར་སྐུལ་གཏོང་བ་བཅས་ཀྱི་ཐོག་ནས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕེལ་རྒྱས་མྱུར་བ་དང་། ཕན་འབྲས་མཐོ་བ། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། ལོ་འཁོར་མོར་སྔོན་རྩིས་ལྟར་ན། ཆུས་ཁོངས་གཏོགས་ཀྱི་ས་གནས་ཁག་གི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་79.29ཟིན་པ་དེ་དུས་མཚུངས་ལས་19.5%འཕར་བ་དང་ཐོན་ལས་དང་པོ་ནས་གསུམ་པའི་བར་གྱི་བསྡུར་གྲངས་དེ་1.4∶29.2∶69.4ནས་1.2∶27.3∶71.5བཅས་བར་ལེགས་སྒྲིག་བྱུང་ནས་ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།

    ས་གཙང་ཐོན་ལས་འཕེལ་རྒྱས་བརྟན་པོ་བྱུང་བ་དང་ཐོན་ནུས་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།

    འདས་ཟིན་པའི་ལོ་གཅིག་ནང་ཁྲེང་ཀོན་ཆུས་ཀྱིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་འགོད་རྩེ་གྲར་ཤུགས་སྣོན་བརྒྱབ་ནས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་བཟོས་པ་མ་ཟད། འཐུས་སྒོ་ཚང་དུའང་བཏང་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་སྔོན་དུ་མ་དངུལ་སྒོར་དུང་ཕྱུར་1བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་0.61བསྡུ་སྒྲིལ་བྱས་པ། ཐབས་ལམ་སྣ་ཚོགས་སྤྱད་དེ་མ་དངུལ་སྒོར་དུང་ཕྱུར་1.5མཉམ་འདྲེས་བཅས་བྱས་ནས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས། 2014ནས་2020ལོ་བར་གྱི་ཁྲེང་ཀོན་ཆུས་ཀྱི་ས་གཙང་ལྷད་མེད་ཐོན་ལས་གྱི་དཔེ་སྟོན་ཁུལ་གསུམ་དང་ཁྱད་ལྡན་ལུང་ཤུར་ཁག་ལྔ་ཡི་སྤྱིའི་འཆར་འགོད་བཟོས་པ་དེ་འཛུགས་སྐྲུན་རྣམ་གྲངས་30ལ་ཁྱབ་ཡོད་པ་དང་མ་དངུལ་གཏོང་ཁྱོན་སྒོར་དུང་ཕྱུར་10.7ཟིན་ཡོད།

    2014ལོར་ཁྲེང་ཀོན་ཆུས་ཀྱིས་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.1བཏང་ནས་ས་གཙང་ལྷད་མེད་ཐོན་ལས་རྣམ་གྲངས་ཁག་13གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པའི་ནང་ནས་ཚལ་གུང་ཐང་ཤང་གི་མུའུ་1063ཡོད་པའི་ཁམ་སྡོང་འདེབས་འཛུགས་དང་། དོག་སྡེ་ཤང་གི་མུའུ་52.8ཡོད་པའི་རྒུན་འབྲུམ་འདེབས་འཛུགས། ཉང་བྲན་ཤང་གི་མུའུ་65ཡོད་པའི་སྟར་སྡོང་དང་དེ་བཞིན་ལི་སྡོང་འདེབས་འཛུགས། མུའུ་ཁྲི་1ཡོད་པའི་གཟན་རྩྭ་འདེབས་འཛུགས། ཚལ་གུང་ཐང་ཤང་གི་འོ་མ་ལས་སྣོན་བཟོ་གྲྭ དོག་སྡེ་ཤང་ལྷོ་ངོས་གྲོང་ཚོའི་སྤྲོ་གསེང་སྣོད་བཅུད་ཡུལ་སྲོལ་གླིང་བཅས་རྣམ་གྲངས་དྲུག་ལེགས་གྲུབ་ཟིན་པ་དང་། སྔོ་ཚལ་ཐད་ཚོང་རླངས་འཁོར་100ཉོ་སྒྲུབ་བྱས་པ་ཚང་མ་བེད་སྤྱོད་བྱེད་བཞིན་ཡོད་པ། དྲོད་ཁང་སྟར་པ་500ཚང་མ་བགོ་བཤའ་རྒྱག་བཞིན་ཡོད་པ། ལྷད་མེད་ཚལ་ལས་སྣོན་བཟོ་གྲྭ་དང་ཚད་གཞི་མཐོ་བའི་བཞོན་མའི་ལྟེ་གནས་དང་སོས་ཉར་གྲང་འཇོག་མཛོད་ཁང་3གྱི་འཛུགས་སྐྲུན་རྣམ་གྲངས་སྒྲིག་ཆས་ཚོད་ལྟའི་དུས་མཚམས་སུ་སླེབས་པ། གསོ་ཚགས་ཁུལ་ཆུང་བཞི་ཡི་ཚད་ལྡན་ཅན་ཐོན་སྐྱེད་དང་དུད་ཚང་ཁ་ཐོར་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་70%ལེགས་གྲུབ་ཟིན་པ། ཚད་གཞི་མཐོ་བའི་བཞོན་མའི་ལྟེ་གནས་རྣམ་གྲངས་ཀྱི་68%ལེགས་གྲུབ་ཟིན་པ། ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཁྲོམ་བཀྱག་བོགས་གཏོང་རྣམ་གྲངས་འཆར་འགོད་བྱེད་བཞིན་ཡོད་པ་བཅས་རེད།

    ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཏུང་གིས“ཁྲེང་ཀོན་ཆུས་ཀྱིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དེས་མང་ཚོགས་དུད་ཚང་4930དང་མི་གྲངས་14947ལ་ཕན་པ་ཐོབ་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་6000དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000བྱུང་ནས་ཞིང་འབྲོག་ལས་ལ་ཕན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱེད་པའི་དམིགས་ཡུལ་སྒྲུབ་ཐུབ་པ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།

    དམངས་འཚོར་མུ་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ།

    ན་ནིང་ཁྲེང་ཀོན་ཆུས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་14.1བཏང་བ་དེས་ཁྲེང་ཀོན་ཆུས་ཀྱི་ནོར་སྲིད་གཏོང་སྒོའི་72%ཟིན་ཡོད། བཞོན་མ་གསོ་ཚགས་དང་། ཁམ་སྡོང་འདེབས་འཛུགས། སྔོ་ཚལ་ལས་སྣོན། སྤྲོ་གསེང་གྲོང་ཚོ་སྒྱུར་བཀོད་རྒྱས་སྐྲུན། སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་ཁ་ལོ་བ་དང་ཕྱིར་ཚོང་མི་སྣ་གདན་ཞུ་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དུད་ཚང་1007དང་མང་ཚོགས་2268སྤྱིར་ན་དབུལ་སྒྲོལ་བྱུང་ཡོད། བྱ་ཐབས་སྣ་ཚོགས་མཉམ་དུ་སྤྱད་པས་ཁྲེང་ཀོན་ཆུས་ཀྱི་ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་ཡོང་འབབ་བརྟན་པོ་ཡོང་རྒྱུར་སྐུལ་མ་ཐེབས་པ་དང་། སྔོན་དཔག་ལྟར་ན། ཞིང་འབྲོག་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.3ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་18.2%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.37ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་11.1%འཕར་ཡོད།

    སློབ་གསོའི་བྱ་གཞག་ཐད་ཁྲེང་ཀོན་ཆུས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིམ་པ་དེ་གའི་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་1.6བཏང་བ་དེས་ལོ་གོང་མའི་ནོར་སྲིད་ཡོང་འབབ་ཀྱི་26%ཟིན་ཡོད། ཕྱོགས་མང་པོ་ནས་མ་དངུལ་སྒོར་དུང་ཕྱུར་3.2གྲབས་གསོག་བྱས་ཏེ་བུ་བཅོལ་ཁང་ཨང་བཞི་པ་སོགས་བུ་བཅོལ་ཁང་14བསྐྲུན་པ་དང་། ཧའེ་ཏེན་སློབ་ཆུང་དང་། རྗེ་འབུམ་སྒང་སློབ་ཆུང་། རྔ་ཆེན་སློབ་ཆུང་སོགས་སློབ་གྲྭ་སྒྱུར་བཀོད་རྒྱས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་དང་། དེ་བཞིན་ཧའེ་ཏེན་སློབ་ཆུང་དང་། ཧའེ་ས་སློབ་ཆུང་། ལྷ་ཀླུ་སློབ་ཆུང་སོགས་ཀྱི་སློབ་གྲྭའི་བདེ་འཇགས་ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཐད་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད།

    སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ཁྲོད་ཁྲེང་ཀོན་ཆུས་ཀྱི་ཤང་འཕྲོད་བསྟེན་ཁང་4དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་7དུ་ནད་གཞི་ལྟ་ཚད་ལོ་ཧྲིལ་པོར་མི་ཐེངས་ཁྲི་14.56ལྷག་ཙམ་ཟིན་ཡོད། “རིན་གོང་ཧེ་བག་མེད་པའི”སྨན་རྫས་ཕྱིར་ཚོང་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་པ་དང་། ཞིང་འབྲོག་པ་ནད་སྡོད་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱེད་ཚད་70%ནས་80%བར་མཐོ་རུ་བཏང་ནས་མི་669ལ་ནད་སྡོད་སྨན་རིན་སྒོར་ཁྲི་665རྩིས་ཞུ་བྱས་པ། མི་ཁྲི་4.9ལྷག་ཙམ་གྱི་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་ནས་བརྟག་དཔྱད་བྱེད་ཚད་99.8%ཟིན་ཡོད།

    མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྔ་སྣུར་དུ་རྣམ་གྲངས་སྟ་གོན་ཡག་པོ་བྱས་པ།

    ན་ནིང་ཁྲེང་ཀོན་ཆུས་ཀྱིས་ཁྱོན“ལོ་ལྔ་ཚན་བཅུ་གཉིས་པའི”ལེགས་སྒྲིག་རྣམ་གྲངས་ཁག་99རེ་ཞུ་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་66.5བཏང་ཡོད། ན་ནིང་ཟླ་བརྒྱད་པར་ཁྲེང་ཀོན་ཆུས་ཀྱིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་མངགས་བཅོལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཟླ་བཅུ་གཉིས་པའི་ཟླ་སྟོད་དུ《ཁྲེང་ཀོན་ཆུས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བསམ་ཕྱོགས་ཞིབ་འཇུག་སྙན་ཞུ》བཟོས་པ། ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་ཁྲེང་ཀོན་ཆུས་ཀྱིས་ད་དུང་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་སུའོ་བཅས་ཀྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཁྲེང་ཀོན་ཆུས་སུ་ཐོག་མའི་དཔྱད་ཞིབ་བྱེད་དུ་བཅུག་ཡོད་ཅིང་། མིག་སྔར་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་བསམ་འཆར་གཞིར་བཟུང་འཆར་འགོད་བསམ་ཕྱོགས་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་ཡོད།

    དེ་དང་དུས་མཚུངས“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་གྲ་སྒྲིག་ཡག་པོ་བྱ་ཆེད། ཁྲེང་ཀོན་ཆུས་ཀྱིས་གོང་རིམ་གྱི་བླང་བྱ་ལྟར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གཙོ་གནད་རྣམ་གྲངས་རེ་ཞུའི་ལས་དོན་སྔ་སྣུར་དུ་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་ཁྱོན་རྣམ་གྲངས་ཁག་258རེ་ཞུ་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་371ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།