དབུ་ཤོག>གསར་འགྱུར།
  • བོད་བྱ་གསོས་པས་འབབ་འཕར་ཐབས་ལམ་རྙེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-20

    “ཉེ་བའི་ལོ་ཤས་རིང་། བོད་བྱའི་ཤ་ལ་རྒྱ་ཆེའི་འཛད་སྤྱོད་པའི་ཁས་ལེན་ཐོབ་པར་བརྟེན་བོད་བྱའི་ཐོན་རྫས་ཀྱི་རིན་ཐང་འཕར་བཞིན་ཡོད”ཅེས་སྤེན་འཛོམས་ཀྱིས་བཤད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གནམ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡིན་པའི་སྤེན་འཛོམས་ཀྱི་སྐད་ཆ་ལས་ས་གནས་དེ་གའི་མང་ཚོགས་ལ་སེམས་ཁུར་བྱེད་ལུགས་ལེགས་པར་མཚོན་ཡོད།

    གནམ་གྲོང་ཚོའི་ངོས་ནས་བརྗོད་ན། བོད་བྱ་གསོ་ཚགས་བྱ་རྒྱུ་ནི“སྲོལ་རྒྱུན་གྱི་རྣམ་གྲངས”ཤིག་རེད་ཅེས་བརྗོད་ཆོག སྤེན་འཛོམས་ཀྱིས“དེ་སྔོན་བོད་བྱ་གསོ་ཚགས་ར་བ་ཕུད་བོད་བྱ་གསོ་ཚགས་བྱེད་མཁན་དུད་ཚང་གིས་གྲོང་ཚོ་ཡོངས་ཀྱི་15%བཟུང་ཁར། བོད་བྱ་དང་བོད་སྒོང་གི་རིན་གོང་རྒྱུན་ཆད་མེད་པར་འཕར་བས་ཉེ་བའི་ལོ་ཤས་རིང་། ཞིང་དུད་མང་པོ་ཞིག་རིམ་བཞིན་ཐོན་ལས་དེའི་ནང་ཞུགས་ཡོད། ཞིང་དུད་སྔར་བས་མང་བ་ཞིག་བོད་བྱ་གསོ་ཚགས་ལས་ཕྱུག་འགྱུར་ཡོང་བར་ལྕག་སྐུལ་དང་སྣེ་ཁྲིད་བྱ་ཕྱིར། ང་ཚོས་ལོ་ལྟར་བྱ་ཕྲུག་ནང་འདྲེན་བྱས་ནས་ས་གནས་དེ་གའི་དུད་ཚང་རེར་བྱ་ཕྲུག་10ནས་50བར་བགོས་ཀྱི་ཡོད”ཅེས་ཤོད་ཀྱི་འདུག

    ཕྱིར་ཚོང་གི་གནད་དོན་སྐོར་གླེང་སྐབས་སྤེན་འཛོམས་ཀྱིས། མང་ཚོགས་ཀྱི་ཁེ་ཕན་སྔར་བས་འགན་ལེན་བྱ་ཕྱིར་དུད་ཚང་གིས་གསོ་ཚགས་བྱས་པའི་བོད་བྱ་དང་བོད་སྒོང་མང་ཆེ་བ་གསོ་ཚགས་རྟེན་གཞིས་གཅིག་གྱུར་ཐོག་ཉོ་སྒྲུབ་དང་ཕྱིར་ཚོང་བྱེད་ཀྱི་ཡོད། དེའི་ཁེ་བཟང་ཚང་མ་གྲོང་མིར་ཕྱིར་སློག་བྱེད་ཀྱི་ཡོད་པ་དེ་ནི་བོད་བྱ་དེ་དག་ལ་འབྲུ་རིགས་སྟེར་ནས་གསོས་པ་མ་ཟད་བོད་བྱའི་ཐོན་རྫས་དེ་དག་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པས་རེད་ཅེས་ཤོད་ཀྱི་འདུག

    འོ་ན། གནམ་གྲོང་ཚོས་བོད་བྱ་གསོ་ཚགས་བྱེད་པར་ལེགས་ཆ་གང་ཡོད་དམ། གནད་དོན་དེའི་སྐོར་གླེང་སྐབས་སྤེན་འཛོམས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་སྤུས་ཚད་ཡག་པའི་བོད་བྱ་གསོ་ཚགས་བྱེད་པར་ཁ་ཐོར་གསོ་ཚགས་ཀྱི་ཁོར་ཡུག་ཧ་ཅང་ཡག་པོ་དགོས་ཀྱི་ཡོད་ཅེས་བཤད། ཆུ་ཤུར་རྫོང་ཁོངས་ལ་ཆུ་བོ་ཆེ་ཆུང་མང་བས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཞན་ཡང་ཆུ་ཤུར་རྫོང་ལ་ནགས་སའི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཆུ་ཤུར་རྫོང་ལ་བཅར་འདྲིར་སྐྱོད་རིང་སྨྱུག་འཛིན་པར་མྱོང་ཚོར་ཟབ་མོ་བྱུང་། ཆུ་ཤུར་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ལེགས་ཆ་དེར་བརྟེན་ནས་2013ལོར་ཆུ་ཤུར་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་གཞི་ཁྱོན་མུའུ་36ཟིན་པའི་གྲོང་ཚོའི་མཉམ་སྡེབ་ཀྱི་ནགས་འཕྲོད་བོད་བྱའི་གསོ་ཚགས་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་ནས་བྱ་ཚང་9བརྒྱབ་པ་རེད། 2014ལོར་དཔེ་སྟོན་རྟེན་གཞིས་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་བྱ་ཚང་གསར་པ་བརྒྱབ་པ་དང་། བྱ་ཕྲུག་ནང་འདྲེན་བྱེད་པ། ར་སྐོར་རིང་ཚད་སྨི་3600བསྐོར་བ་བཅས་བྱས་པ་མ་ཟད་བོད་བྱ་4000ལྷག་ཙམ་གསོ་ཚགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།