རང་སྐྱོང་ལྗོངས་ཀྱི《རང་བྱུང་སོལ་རླངས་དང་གཤེར་རླངས་སྐྱེལ་འདྲེན་གྱི་འཁོར་རིགས་ལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོའི》དགོངས་དོན་ལྟར། ནག་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྫོང་བདེ་འཇགས་ཞིབ་བཤེར་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནག་ཆུ་རྫོང་ཁོངས་ཀྱི་སྣུམ་སྣོན་ས་ཚིགས་དང་། དབུགས་སྣོན་ས་ཚིགས། ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ཀུང་སི་བཅས་ལ་ཞིབ་བཤེར་ཆེན་པོ་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་རིམ་ནང་གཙོ་བོ་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་གྱི་འཁོར་རིགས་ལ་སྲུང་སྐར་གྱི་གནས་གཏན་འཁེལ་གྱི་སྒྲིག་ཆས་བསྒར་ཡོད་མེད་དང་འཁོར་རིགས་བེད་མེད་དུ་གྱུར་ཡོད་མེད་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཤིང་། མིག་སྔ་བར་ནག་ཆུ་རྫོང་ཁོངས་སུ་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་34དང་། ཁ་ལོ་བ་30 དོས་རྒྱབ་པ་23བཅས་ཡོད་པ་རེད།
ད་ཐེངས་ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་པ་བརྒྱུད་ནག་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་ནག་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་ནག་ཆུ་རྫོང་གི་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ལས་རིགས་ཀྱི་གནས་ཚུལ་གསལ་པོ་ཡོང་བ་བྱས་པས་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།