དབུ་ཤོག>གསར་འགྱུར།
  • ​ བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཕྱིན་པའི་སྐོར་གྱི་དངོས་བྲིས།

  •     སྤེལ་དུས།  2015-02-13

    ཡུལ་སྐོར་དུས་ཚིགས་ཡག་ཤོས་འཆར་རིམ་བཞིན་རང་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་སྣོད་བཅུད་ཐོན་ཁུངས་དང་ཁོར་ཡུག་ལས་བྱུང་བའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱིས་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་གི་ཡོད་ཅིང་། ཡུལ་སྐོར་བ་ཚོས“བོད་དུ་ཡུལ་སྐོར་དུ་ཡོང་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ཁུངས་དང་ནང་དོན་ཟབ་མོ་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་མྱོང་རོལ་བྱེད་པ་ཕུད་ད་དུང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་ཁྱད་ལྡན་བཟའ་རིགས་ཀྱང་ང་ཚོའི་ཡིད་དབང་འགུག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    བོད་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་པར་འབབ་འཕར་ཡོང་བའི་འཇུག་གཞི་དང་བཀྲག་མདངས་འཚེར་སར་རིམ་བཞིན་གྱུར་ཡོད།

    2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་གི་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་བོད་ཀྱི“སྲུང་ཡོལ་གཉིས་དང་ཁུལ་བཞིའི”འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཏོད་པའི་གྲས་སུ་བརྩིས་པས་བོད་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད།

    ལོ་ལྔའི་རིང་རང་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་ནས་དང་། སྔོ་ཚལ། བོད་བྱ་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་རིགས་12དང་ཁག་450ལྷག་ཙམ་བཀོད་སྒྲིག་དང་ལག་བསྟར་བྱས་པས་ཁུལ་བདུན་དང་ཡུག་བདུན་གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དེ་ཞིང་འབྲོག་པར་འབབ་འཕར་དང་ཞིང་འབྲོག་ལས་ལ་ཐོན་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་གྱུར་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་38.6%ཟིན་ཡོད།

    འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་རྟེན་གཞི་འཛུགས་སྐྲུན་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་མཛུབ་སྟོན་བྱས་ཡོད།

    རགས་རྩིས་བྱས་པར་གཞིགས་ན། 2014ལོ་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་13.15བྱུང་ནས་མང་ཚོགས་ཁྲི་175.6ལ་ཕན་པ་ཐོབ་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3305བྱུང་བ། མི་རེར་ཆ་སྙོམས་འབབ་འཕར་སྒོར་748བྱུང་བ། ལོ་རེར་ཆ་སྙོམས་འཕར་ཚད་24.5%ཟིན་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ།

    ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་བོད་ཕག་མཉམ་ལས་ཁང་གི་འགན་འཁུར་བ་རྡོ་རྗེས“ལོ་དེ་དག་ནང་བོད་ཕག་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་བོད་ཕག་གི་རིན་གོང་ཡང་ཚད་གཞི་ཆེན་པོས་འཕར་བ་དང་ས་གནས་ཁག་གི་མང་ཚོགས་ཚང་མས་ང་ཚོའི་ས་ནས་བོད་ཕག་ཉོ་བར་ཡོང་གི་ཡོད་པས་ཡོང་འབབ་ཡག་པོ་འདུག”“མིག་སྔར་མཚོ་མགོ་ཤང་དང་བྱེ་པ་གྲོང་ཚོའི་བོད་ཕག་གསོ་སྤེལ་རྟེན་གཞི་དང་ཕག་གསེབ་གསོ་ཚགས་གཞི་ཁྱོན་ལྡན་པར་ཕག་པ་མགོ་གྲངས་1200ཟིན་པ་དང་མང་ཚོགས་དུད་ཚང་170ཞུགས་ཡོད། ལོ་རེར་ཕག་ཕྲུག་3000ཡན་འཚོང་གི་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས།

    རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ལོ་10འཕེལ་རྒྱས་བཏང་བ་བརྒྱུད་འབྲི་གཡག་དང་། ལུག བོད་ཕག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་གིས་ལྗོངས་ཕྱི་ནང་གི་ཞིང་འབྲོག་ཐོན་རྫས་ཁྲོམ་ར་ངེས་ཅན་བཟུང་ནས་ཚོང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད་པས་དཔལ་འབྱོར་གྱི་ཕན་འབྲས་ལེགས་ཙམ་ཐོན་ཡོད།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་དགོས་མཁོ་འགན་ལེན་དང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དེ་ཞིང་པར་འབབ་འཕར་དང་ཁོང་ཚོ་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་བྱས་པ་བརྒྱུད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་སྣེ་ཁྲིད་དཔེ་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་དང་། མངགས་ཉོའི་གཉེར་སྐྱོང་། ཆེད་ལས་གཉེར་སྐྱོང་། གཅིག་གྱུར་གཉེར་སྐྱོང་སོགས་ཀྱི་འདུ་ཤེས་གསར་པ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས། ཆེད་ལས་དུད་ཆེན། ཁྱིམ་ཚང་ཞིང་ར་སོགས་ཞིང་འབྲོག་ལས་གཉེར་སྐྱོང་གཙོ་གཟུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་དང་ཞིང་འབྲོག་ལས་དཔལ་འབྱོར་འཕར་བའི་གཞི་རྟེན་གལ་ཆེན་ཞིག་ལ་འགྱུར་བ་དང་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱིས་ཞིང་འབྲོག་པའི་གཉེར་སྐྱོང་དང་རྒྱུ་ནོར་གྱི་ལྟ་བར་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

    ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཐོན་ལས་ཀྱི་བཀོད་པ་ལུགས་མཐུན་ངང་ལེགས་སུ་ཕྱིན་པ།

    ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རིང་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་དང“ཤ་ཚལ་སྒོང”གསུམ་སོགས་ཞིང་འབྲོག་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་དང་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སུ་དང་རིམ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་ཡོད།

    2014ལོར་སྔོན་དཔག་ལྟར་ན་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་98.5ཟིན་རྒྱུ་ཡིན་པའི་ནང་ནས་ཀྱི་ཐོན་ཚད་ཏུན་ཁྲི་69ཟིན་ནས་ལོ་16བསྟུད་མར་ཏུན་ཁྲི་90ཡན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་སྟེ་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡི་དམིགས་ཚད་ལ་སླེབས་ཉེར་ཡོད་པས་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་བྱུང་བ་དང་། “ཤ་ཚལ་སྒོང”གསུམ་གྱི་རྟེན་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྔོ་ཚལ་ཐོན་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་མཁོ་སྤྲོད་བྱེད་ཚད་85%ཡན་ཟིན་ནས་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཤ་དང་འོ་མའི་ཐོན་ཚད་སྔོན་དཔག་ལྟར་ན་ཏུན་ཁྲི་32.6དང་ཏུན་ཁྲི་35.5ཟིན་ནས་ཁྲོམ་རའི་མཁོ་སྤྲོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ་ཚགས་ཤ་དང་ལུག་ཤའི་མཁོ་སྤྲོད་འགལ་བ་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཡོད། དེ་དང་དུས་མཚུངས་རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་དང་དེ་བཞིན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལ“ཡུག་ལྔ་དང་ཁུལ་བཅུ་བཞི”ཡི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ས་ཁོངས་ཀྱི་བཀོད་པ་རགས་ཙམ་ཆགས་པ་སྟེ། “བོད་དབུས་རྒྱུད་ཀྱི་འབྲུ་རིགས་དང་དཔལ་འབྱོར་གཟན་ཆག་དང་། བཞོན་མ། ལུག བོད་ཕག བོད་བྱ་བཅས་མཉམ་འདྲེས་ཐོན་ལས་ཡུག་དང་། བོད་བྱང་ཤར་གྱི་འབྲི་གཡག་ཐོན་ལས་ཡུག བོད་ནུབ་བྱང་གི་ཁུལ་ལྡན་ར་དང་ལུག་གི་ཐོན་ལས་ཡུག བོད་ཤར་ལྷོའི་བོད་ཕག་དང་བོད་བྱ་དང་། བོད་སྨན་གྱི་སྨན་རྒྱུ་དང་ནགས་ཁྲོད་ཐོན་ཁུངས། ཤིང་འབྲས་སྐམ་པོ་བཅས་ཀྱི་ཐོན་ལས་ཡུག གྲོང་ཁྱེར་ཉེ་འདབས་ཀྱི་སྔོ་ཚལ་ཐོན་ལས་ཡུག་བཅས”དང“ནས་དང་། འབྲི་གཡག ཡུལ་ལུག ཁུལ་ལྡན་ར། བོད་ཕག བོད་བྱ། བོད་སྨན་གྱི་སྨན་རྒྱུ། ནགས་ཁྲོད་ཐོན་ཁུངས། སྔོ་ཚལ། བཞོན་མ། ཞོག་ཁོག འབྲས་བུ་ཤིང་། ཇ་ལོ། ཆུ་གྲང་ཉ་བཅས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ཁུལ་བཅུ་བཞི”རེད།

    ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་རྟེན་གཞི་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

    ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་བསྙེན་མོ་ནང་གྲོང་ཚོར་གྲོང་མི་155ཕྱིར་ཐོན་མི་དགོས་པར་ཐག་ཉེ་སར་ལས་ཀ་བྱ་རྒྱུ་ཡོད་པ་གསར་འགོད་པས་མཐོང་བྱུང་། རྡོ་གཤག་ར་བའི་འགན་འཁུར་བ་ལྷུན་གྲུབ་ཀྱིས་གསར་འགོད་པར་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་རོགས་རམ་འོག་ང་ཚོས་རྡོ་གཤག་འཕྲུལ་ཆས་8ཉོས་པ་ཡིན། 2014ལོ་ཁོ་ནར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་དེ་70%ལས་བཟོའི་གླ་ཆའི་ཐོག་ནས་གྲོང་མིར་སྤྲད་པ་ཡིན་ཞེས་བཤད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྒྱ་ཁྱབ་ངང་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་མ་ལག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2014ལོ་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་ལྟར་ན་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པ་དང་དེ་བཞིན་ས་ཁུལ(གྲོང་ཁྱེར)རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པའི་ནང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་24(དེའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས་8ཚུད་པ)དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་77ཡོད་པ་དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་21.2ཟིན་པ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་38.6%ཟིན་ཡོད། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་ཁེ་ལས་ཀྱིས་ཞིང་འབྲོག་དུད་ཚང་ཁྲི་6.1དང་མི་ཁྲི་20ལྷག་ཙམ་གྱི་སྣེ་ཁྲིད་དེ་ས་གནས་དེ་གའི་ཞིང་འབྲོག་པ་ཁྲི་1.2ལས་ཞུགས་ཐུབ་པ་བྱས་ཡོད། ལྗོངས་ཡོངས་སུ་ཁྱོན་རིགས་ཁག་གི་ཆེད་ལས་མཉམ་ལས་རྩ་འཛུགས་2729བཙུགས་པས་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་རྟེན་གཞི་འཛུགས་སྐྲུན་ཕན་ཚུན་མཉམ་གནས་དང་། ཕན་ཚུན་ཡར་སྐུལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་འདི་ཉིད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞིར་འཛུགས་སྐྲུན་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས《བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་འཆར་འགོད(2015ལོ་ནས་2020ལོ་བར)》བཟོས་པ་དེའི་ནང་གཙོ་བོ་ཁྱད་ལྡན་ལེགས་ཆའི་ཐོན་ལས་རིམ་སྤོར་ཡོང་རྒྱུ་མངོན་གསལ་དོད་དུ་བཏང་ནས་ཐོན་རྫས་ཁྲོམ་རའི་འཛད་སྤྱོད་ཀྱི་དགོས་མཁོ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འབྲེལ་མཐུད་དང་སྣ་མང་མ་འཇོག་བཅས་ཚན་རིག་དང་མཐུན་ལ་ཡང་དག་པའི་ངང་གཏན་འཁེལ་བྱས་ཏེ་ཐོན་སྐྱེད་དང་། ལས་སྣོན། འཁོར་རྒྱུག སྤུས་རྟགས་འཛུགས་སྐྱོང་བཅས་ཕྱོགས་བཞིའི་ཐད་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱས་ཡོད།

    མིག་སྔར“55331”གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། ཐོན་ལས་ཀྱི་སྒྲོམ་གཞི། བཀོལ་སྤྱོད་དངོས་ཀྱི་བང་རིམ་བཅས་རགས་ཙམ་བཏོན་ཟིན་པ་དང“ཡུག་ལྔ་དང་། གླིང་ལྔ། འཁོར་རྒྱ་གསུམ། དྲ་རྒྱ་གསུམ། ལས་སྟེགས་གཅིག”བཅས་ཀྱི་ཁོར་ཡུག་རྣམ་པ་གཙོ་གནད་ཐོག་གཏོད་རྒྱུ་ཡིན་པ་སྟེ། “བོད་དབུས་རྒྱུད་ཀྱི་འབྲུ་རིགས་དང་དཔལ་འབྱོར་གཟན་ཆག་དང་། བཞོན་མ། ལུག བོད་ཕག བོད་བྱ་བཅས་མཉམ་འདྲེས་ཐོན་ལས་ཡུག་དང་། བོད་བྱང་ཤར་གྱི་འབྲི་གཡག་ཐོན་ལས་ཡུག བོད་ནུབ་བྱང་གི་ཁུལ་ལྡན་ར་དང་ལུག་གི་ཐོན་ལས་ཡུག བོད་ཤར་ལྷོའི་བོད་ཕག་དང་བོད་བྱ་དང་། བོད་སྨན་གྱི་སྨན་རྒྱུ་དང་ནགས་ཁྲོད་ཐོན་ཁུངས། ཤིང་འབྲས་སྐམ་པོ་བཅས་ཀྱི་ཐོན་ལས་ཡུག གྲོང་ཁྱེར་ཉེ་འདབས་ཀྱི་སྔོ་ཚལ་ཐོན་ལས་ཡུག་བཅས”ཡིན་པ་དང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི། ཆབ་མདོ་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཐོན་ལས་གླིང་། བོད་དབུས་རྒྱུད་དང་། བོད་ནུབ་བྱང་། བོད་ཤར་ལྷོ་བཅས་ཀྱི་ཡུལ་སྐོར་འཁོར་རྒྱ། “མཁོ་སྤྲོད་དང་། ཐོན་སྐྱེད། བྲིན་ཚོང་ཟོག་འགྲེམས་བཅས”རིམ་གསུམ་ཟོག་འགྲེམས་དྲ་བ་དང་དེ་བཞིན་ཞིང་འབྲོག་ཐོན་རྫས་གློང་རྡུལ་ཚོང་དོན་གྱི་ཆ་འཕྲིན་ལས་སྟེགས་བཅས་རེད། ལས་དོན་དེ་དག་སྤེལ་བ་བརྒྱུད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།