ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རྫ་ཆུའི་གྱེན་ནས་སྐྱོད་སྐབས་བོད་ཀྱི་དབུས་རྒྱུད་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་ཀརྨ་ཤང་དུ་འབྱོར་གྱི་ཡོད་དེ་ཁུལ་གྱི་མི་སེར་ཚོས་མི་རིགས་ལག་ཤེས་བཟོ་ལས་བྱང་ཆུབ་པར་བརྟེན་ནས་ཤང་དེ་སྐད་གྲགས་ཆོད་པར་གྱུར།
ལག་ཤེས་བཟོ་ལས་ཀྱི་དུད་ཚང་ཆེ་མོ་ཞིག་ཏུ་སྐྱོད་སྐབས་ལོ་80ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་གདན་ཐོག་ཏུ་བསྡད་ཡོད་པ་དང་། ཁོང་ནི་ཀརྨ་སྒར་བྲིས་ཐང་གའི་ལུགས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་བགྲེས་སོང་ཀརྨ་བདེ་ལེགས་ཡིན་པ་དང་། མ་གཞི་ལོ་ན་མཐོ་པོར་སླེབས་ནའང་བགྲེས་སོང་སྐུ་ངོ་མས་ཐང་ག་འབྲི་བ་མ་ཟད་ལག་རྩལ་དམར་ཁྲིད་བྱེད་ཀྱི་ཡོད། ད་ཆ་ས་ཕྱོགས་གང་སར་ཁོང་གི་དགེ་ཕྲུག་ཡོད་པ་དང་ཁོང་གི་མཛུབ་ཁྲིད་འོག་རྗེས་རབས་པ་མང་པོ་ཞིག་རང་རང་སོ་སོས་ཐང་ག་འབྲི་གི་ཡོད་པ་རེད།
ཀརྨ་བདེ་ལེགས་ཀྱི་བུ་ཕུན་ཚོགས་ལྷུན་གྲུབ་ནི་ཁོང་གིས་གསོ་སྐྱོང་བྱས་པའི་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་ཐང་ག་མཁས་ཅན་ཞིག་རེད། ཁོང་གི་སྡོད་ཁང་ཆེ་མོ་ནས་བལྟས་ཚེ་མི་རིགས་ལག་ཤེས་བཟོ་ལས་ལ་བརྟེན་ནས་ཕུན་ཚོགས་ལྷུན་གྲུབ་ཕྱུག་པོ་ཆགས་པ་མངོན་ཐུབ་ཅིང་། ཡངས་ཤིང་རྒྱ་ཆེ་བའི་མགྲོན་བསུ་ཁང་ནང་པང་གཅལ་བཏིང་བ་དང་ཧྲ་ཧྥ་དང་ཇ་ལྕོག་བསྒྲིགས་འདུག མགྲོན་བསུ་ཁང་གི་གཞོགས་གཅིག་སློབ་ཁྲིད་བྱ་ཡུལ་ཡིན་པ་དང་། ས་ཕྱོགས་གང་ས་གང་ནས་ཡོང་བའི་ལོ་ཆུང་ཕོ་གཞོན་བཅུ་ལྷག་ཙམ་གྱིས་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་འབྲི་བཞིན་ཡོད་པ་དང་ཁོང་ཚོ་ནི་ཕུན་ཚོགས་ལྷུན་གྲུབ་ཀྱི་དགེ་ཕྲུག་ཡིན་པ་རེད།
ལོ་ཉི་ཤུ་ལྷག་ཙམ་ལ་སོན་པའི་པད་མ་རྣམ་རྒྱལ་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་གྲོང་ཚོ་ཞིག་ནས་ཡིན་པ་དང་། པད་མ་རྣམ་རྒྱལ་གྱིས“ལག་རྩལ་ཡག་པོ་སྦྱངས་རྗེས་རང་ཉིད་ཀྱིས་ཐང་གའི་ཚོང་ཁང་ཞིག་གཉེར་འདོད་ཡོད། སྐབས་དེ་དུས་རང་ཉིད་ཀྱིས་ཀྱང་དགེ་ཕྲུག་བསྡུ་ཆོག་གི་རེད”ཅེས་འཛུམ་དམུལ་དམུལ་ངང་བཤད་བྱུང་།
ཕུན་ཚོགས་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དགེ་ཕྲུག་ཚོས་སློབ་ཡོན་མི་དགོས་པར་ཐང་ག་འབྲི་སྟངས་སྦྱོང་གི་ཡོད། སྡོད་ཁང་དང་ལྟོ་ཆས་མཁོ་འདོན་བྱས་པ་མ་ཟད་སློབ་སྦྱོང་བྱེད་རིང་ཁོང་ཚོར་ད་དུང་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད།
“ཞིང་འབྲོག་ཁུལ་གྱི་ཕྲུ་གུ་མང་ཆེ་བ་ཆུང་དུས་ནས་ཐང་ག་འབྲི་རྒྱུར་དགའ་པོ་ཡོད་ལ་ཁོང་ཚོ་བློ་རིག་ལྡན་པ་ཞིག་ཀྱང་ཡོད། ལག་རྩལ་སྦྱངས་རྗེས་རང་ཉིད་འཚོ་བ་སྐྱེལ་ཐུབ་པ་མ་ཟད་ཁྱིམ་ཚང་གི་འཚོ་བའང་ལེགས་སུ་འགྲོ་ཐུབ”ཅེས་ཕུན་ཚོགས་ལྷུན་གྲུབ་ཀྱིས་བཤད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། ཀརྨ་ཤང་དུ་དུད་ཚང་ཚང་མས་ལག་ཤེས་རེ་ཤེས་པ་དང་དུད་ཚང་ཚང་མར་རྒྱུན་འཛིན་པ་ཡོད། ཤང་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་1152ཡི་ནང་ཆེད་ལས་དངུལ་བཟོ་བ་140དང་། ལྷ་འབྲི་བ་72 རྡོ་བཟོ་བ་98 ཤིང་བཟོ་བ་18བཅས་ཡོད་པ་དང་། དེའི་ནང་ཕྱི་ནས་ལག་ཤེས་སྦྱོང་བར་ཡོང་མཁན་བརྩིས་མེད་པ་རེད། ལག་ཤེས་བཟོ་ལས་ལ་བརྟེན་ནས་ཞིང་འབྲོག་པའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།
ཞིང་འབྲོག་པའི་འབྱོར་ཕྱུག་ཐད་མི་རིགས་ལག་ཤེས་བཟོ་ལས་ཀྱིས་ནུས་པ་གལ་ཆེན་ཐོན་ཞིང་། ཉེ་བའི་ལོ་ཤས་རིང་བོད་ཀྱི་ས་ཆ་ཁག་གིས་གནའ་བོའི་མི་རིགས་ལག་ཤེས་བཟོ་རྩལ་སྤྱད་ནས་ཁོང་ཚོའི་ཁྲོམ་རའི་རིན་ཐང་སྔོག་འདོན་བྱས་ནས་གནའ་བོའི་ལག་ཤེས་བཟོ་རྩལ་ལ་དེང་རབས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཡོད་པ་རེད།
བོད་ཀྱི་ཆེས་དབུས་ཤོས་སུ་གནས་པ་དང་སི་ཁྲོན་དང་འབྲི་ཆུའི་བར་ཐག་ཆོད་པའི་ངོགས་ཀྱི་ཨུད་དཔལ་ཤང་དུ་གྲོང་མི་ཚེ་སྒྲུབ་ཉེ་ཆར་ཧ་ཅང་དགའ་པོ་བྱུང་ཡོད་ཅིང་། སྤེལ་རེས་བྱས་རྗེས་ཤེས་གསལ་ལ། ཁོང་ལ་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་100སྤྲོད་རྒྱུའི་ཁས་ལེན་བྱས་པ་དང་ཁོང་གི་དེ་སྔའི་ལག་ཤེས་བཟོ་ཁང་གི་རྨང་གཞིའི་ཐོག་ཤང་མི་རིགས་ཁྱད་ལྡན་ལག་ཤེས་ཐོན་རྫས་མཉམ་ལས་ཁང་བསྐྲུན་ནས་ཞིང་འབྲོག་པ་དེ་བས་མང་བ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བའི་ནང་བསྡུ་རྒྱུ་ཡིན་པ་རེད།
ཨུད་དཔལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཧུའེ་ཧྥུང་གིས་ཞིང་འབྲོག་པའི་རིག་གནས་ཤེས་བྱའི་ཆུ་ཚད་བལྟོས་བཅས་ཀྱིས་དམའ་བས་སླད་ཕྱིན་སྲིད་གཞུང་གིས་ལག་ཤེས་བཟོ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཞིང་འབྲོག་པ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་པ། སྤུས་རྟགས་དྲིལ་བསྒྲགས་དང་ཁྲོམ་ར་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་མཐུན་སྦྱོར་ལས་དོན་དེ་བས་མང་བ་བསྒྲུབ་རྒྱུ་ཡིན་ཞེས་བཤད་བྱུང་།
ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་བདེ་ཞིང་ཤང་སྨྱུག་བསླས་ཐོན་སྐྱེད་རྟེན་གཞིར་བཟོ་ཁང་དང་སྡོད་ཁང་སོགས་དེང་རབས་ཅན་གྱི་སྒྲིག་ཆས་གང་དགོས་ཡོད་མོད། འོན་ཀྱང་སྨྱུག་བསླས་ཐོན་སྐྱེད་བྱ་རྒྱུ་དེ་ད་དུང་ལག་བཟོ་ཁོ་ནར་བརྟེན་དགོས་པ་དང་དུས་མཚུངས་མེ་ཏོག་གི་སྨྱུག་བསླས་དེ་སྲོལ་རྒྱུན་གྱི་ལག་ཤེས་དང་སློ་མ་སླ་བའི་རྨང་གཞིའི་ཐོག་སྨྱུག་མའི་ཐོན་རྫས་གསར་པར་རི་མོ་སོགས་བསྣན་ཡོད་པས་ཁྲོམ་རའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ལ་བརྟེན་ནས་ཞིང་འབྲོག་པ་དེ་བས་མང་བ་ཞིག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཞིང་། བོད་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་སྣ་ཁ་2000ལྷག་ཙམ་ཟིན་པ་ལས། གཙོ་བོ་ཐང་ག་དང་། ཁ་གདན། ཤིང་ཕོར། གསེར་དངུལ་ཟངས་ལྕགས་ཡོ་བྱད། ཀོ་ཆས་བཅས་ཡོད་པ་དེ་དག་བོད་ཀྱི་ས་ཁུལ(གྲོང་ཁྱེར)7ལ་ཁྱབ་ཡོད་པ་རེད། 2012ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་217ཟིན་པར་ལས་ཞུགས་མི་སྣ་ཁྲི་3ལྷག་ཙམ་ཡོད་པའི་ཁར་ད་དུང་དེའི་ནང་གྲངས་འབོར་མང་བའི་ཁྱིམ་དུ་ལས་ཀ་བྱེད་མཁན་མི་རིགས་ལག་ཤེས་བཟོ་ལས་མི་སྣ་ཚུད་མེད་པ་རེད།