ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་རང་ལྗོངས་ཀྱིས་འབྲོག་ལས་རྒྱུན་མཐུན་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་ལོ་འཁོར་མོར་ཕྱུགས་ཟོག་མགོ་གྲངས་ཁྲི་ཚོ་660 བཤས་བཏང་བ་དང་། ཤ་རིགས་ཀྲོན་ཁྲི་ཚོ་32.6དང་འོ་མའི་ཐོན་རྫས་ཀྲོན་ཁྲི་ཚོ་35.5ཐོན་སྐྱེད་བྱས་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2014ལོར་རང་ལྗོངས་ཀྱིས་འབྲོག་ལས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་རྨང་གཞིའི་ལས་ཀར་བརྩིས་ནས་དམ་འཛིན་བྱས་ཏེ། ཕྱུགས་ཟོག་གི་རིམས་འགོག་སྲུང་ཡོལ་དང་ཞབས་ཞུའི་མ་ལག་རིམ་བཞིན་བཙུགས་ཡོད་པ་རེད། རང་སྐྱོང་ལྗོངས་དང་ས་ཁུལ་གྱི་ཕྱུགས་རིགས་སྨན་པའི་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་ཐེབས་པ་དང་གྲོང་ཚོ་རིམ་པའི་ཕྱུགས་ཟོག་གི་རིམས་འགོག་སྨན་པའི་གཞི་རྩའི་ཐོབ་ཆ་ལེགས་སུ་ཕྱིན་པ། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ལ་སྔོན་ཁབ་རྒྱག་པའི་ལས་ཀ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བཅས་བྱུང་ནས། འབྲོག་ལས་ཐོན་སྐྱེད་བདེ་འཇགས་ཐད་འགན་སྲུང་ནུས་ལྡན་བྱུང་བ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ལས་ཀར་སྐུལ་འདེད་རྒྱུན་མི་ཆད་པ་བཏང་ནས། བྱ་དགའི་མ་དངུལ་སྒོར་དུང་ཕྱུར་21.26དོན་འཁྱོལ་བྱས་པ། དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་ལས་ཀ་མཇུག་སྒྲིལ་ནས་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་སྒྲིག་འགལ་ངང་འབུ་བརྐོ་བའི་གནས་ཚུལ་ཐོན་མེད་པ། སྲོག་ཆགས་ཀྱི་རིམས་ནད་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་དང་རྩྭ་ཐང་གི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ། གཞི་རྩའི་རྩྭ་ཐང་དབྱེ་བ། རྩྭ་ཐང་གི་ལྟ་སྐུལ་དོ་དམ་དང་སྲུང་སྐྱོབ། ཉ་ལས་ཁྲིམས་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཡོད་པ་རེད།