དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་ཞིང་འབྲོག་པ“ཁྱད་ལྡན”ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གཞིས་རྩེ་གྲོང་ཁྱེར་ཕྱུག་པོ་གཞུང་ཤང་ལ་རྐང་རྩེད་སྤོ་ལོའི་ཐང་གསུམ་གྱི་ཆེ་ཆུང་གི་ལས་སྣོན་འཁོར་ཁང་གྲལ་འགྲིག་པོར་གནས་པའི་ནང་རིང་ཚད་སྨི་30ལྷག་ཙམ་ཡོད་པའི་ཕིང་ཐོན་སྐྱེད་ཀྱི་འཕྲུལ་ཆས་ཕྱོགས་གཅིག་ཏུ་གནས་པར་ལག་ཤུབ་དཀར་པོ་གྱོན་པའི་བོད་རིགས་བུད་མེད་གཉིས་ཀྱིས་འཕྲུལ་འཁོར་ནས་དོན་མ་ཐག་པའི་ཕིང་ལེན་བཞིན་འདུག

    འདི་ནི་ཚེས་18ཉིན་གསར་འགོད་པས་བོད་ལྗོངས་ཡར་ཀླུང་གཙང་པོའི་འབྱུང་ཁུངས་ཀྱི་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནས་མཐོང་བའི་རྣམ་པ་ཞིག་ལགས།

    ལོ་48ལ་སླེབས་པའི་ཟླ་སྒྲོན་གྱིས་གསར་འགོད་པར“ངས་དེ་གར་ལས་ཀ་ལོ་གསུམ་ཙམ་བྱས་པ་ཡིན། ལོ་ལྟར་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ཡོང་གི་འདུག ད་དུང་དེ་གར་གཉེན་ཉེ་དང་ཁྱིམ་མཚེས་མང་པོར་ལས་ཀ་ངོ་སྤྲོད་བྱས་པ་ཡིན། མ་ཟད་ཉིན་ལྟར་ཕིང་རྒྱ་མར་བཀྱག་ནས་ཐུམ་སྒྲིལ་བྱ་རྒྱུ་ཡིན་པས་དཀའ་ལས་ཀྱང་ཁག་པོ་མེད། ང་ཚོ་ལྟ་བུའི་ཁྱིམ་དུ་རྒན་རྒོན་དང་ཕྲུ་གུ་ཡོད་པ་རྣམས་ཉེ་འགྲམ་དུ་ལས་མི་བྱས་ན་ཡག་པོ་འདུག”ཅེས་བརྗོད་བྱུང་།

    2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་རྟེན་གཞིར་བསྐྲུན་རྒྱུ་བཏོན་པ་དང་ལོ་ལྔའི་རིང་བོད་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་ས་ཁུལ(གྲོང་ཁྱེར)བདུན་ལ་ནས་དང་། སྔོ་ཚལ། བོད་བྱ་སོགས་རིགས་12ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་བཀོད་སྒྲིག་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ཟོག་དེ་ཞིང་འབྲོག་པའི་འབབ་འཕར་དང་ཞིང་འབྲོག་ལས་ལ་ཕན་འབྲས་ཡག་པོ་ཐོན་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད།

    ས་རིས་མཚོན་རྟགས་ཀྱི་ཐོན་ཟོག་ཡིན་པའི་ངོས་ནས་སྲོལ་རྒྱུན་གྱི་ཆུ་འཐག་ལས་སྣོན་བྱས་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྒུ་རུམ་རྩམ་པ་བོད་ཀྱི་སྤུས་རྟགས་སུ་གྱུར་པ་དང་ཕྱོགས་མཚུངས་རྒུ་རུམ་ཤང་སྐད་གྲགས་ཆོད་པ་ལས་ས་གནས་དེའི་མི་སེར་ལ་རྒྱུན་སྲིང་འབབ་འཕར་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་རྩམ་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཟླ་བ་ཚེ་རིང་གིས་ཀུང་སིས་ནས་ཞིང་འདེབས་མཁན་དུད་ཚང་དང་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་མ་ཟད། ཉོ་སྒྲུབ་ཀྱི་རིན་གོང་ཐད་ལའང་མང་ཚོགས་ཚོར་ཁེ་ཕན་སྤྲད་པ་དེས་མཐའ་འཁོར་གྱི་ཞིང་དུད་500ལྷག་ཙམ་གྱིས་རྩམ་པ་ཐོན་སྐྱེད་དང་ལས་སྣོན་བྱ་རྒྱུར་སྣེ་ཁྲིད་ཐུབ་པས་ལོར་དུད་ཚང་རེར་འབབ་འཕར་སྒོར་ཁྲི་3.7ཙམ་བྱུང་བ་དང་དུད་ཚང་དབུལ་པོ་ཁག་གཅིག་ལ་རོགས་རམ་བྱས་པས་དབུལ་སྒྲོལ་ཡང་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    གསར་འགོད་པས་ཤེས་རྟོགས་བྱུང་གསལ། 2014ལོའི་ལོ་མཇུག་བར་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་ཁྱོན་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་32.58བཏང་བ་དང་ཞིང་འབྲོག་སྡེ་ཚན་གྱིས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས(རྟེན་གཞི)2729ལ་རོགས་རམ་དང་སྐྱོང་སྤེལ་བྱས་ཡོད་པ་རེད།

    བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ནས་ཞིང་འབྲོག་པར་རྒྱུན་སྲིང་འབབ་འཕར་ཡོང་བར་ཐད་ཀར་སྐུལ་མ་ཐེབས་པ་རེད། གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་2010ལོའི་སྒོར་4139ནས་2014ལོའི་སྒོར་7471བར་མང་དུ་སོང་སྟེ་ལོ་ལྟར་འཕར་ཚད་10%ཡན་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།