དབུ་ཤོག>གསར་འགྱུར།
  • གླ་པ་ཚེ་སྒྲོན་གྱི་མི་ཚེའི་འཕོ་འགྱུར་ཐེངས་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-06

    ཉི་འོད་གླིང་ཕྲན་ཀྲུང་ཧོ་རྒྱལ་སྤྱིའི་གྲོང་གི་ཚོང་ཟོག་ཙག་ཙིག་སྡེབ་ཚོང་ཁྲོམ་ར་ནས་ཚེ་སྒྲོན་ངོ་ཤེས་བྱུང་། གསར་འགོད་པའི་མདུན་དུ་ལངས་པའི་ཁོ་མོ་མཚར་སྡུག་ལྡན་ལ་ཡིད་ཆེས་ཀྱིས་ཁེངས་པ་ཞིག་འདུག ཁོ་མོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཁོང་གི་མི་ཚེར་འཕོ་འགྱུར་གསུམ་བྱུང་ནས་ད་ཆ་རང་ཉིད་ཀྱི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་ཅེས་ཤོད་ཀྱི་འདུག

    འཕོ་འགྱུར་དང་པོ། ལོ་12ལ་སླེབས་པའི་དུས་སུ་ཚེ་སྒྲོན་གྱིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནས་ལྷ་སར་ཡོང་སྟེ་གཉེན་ཉེའི་ཁྱིམ་དུ་བུ་རྫི་བྱས། སྐབས་དེ་དུས་ཁོང་ཕྲུ་གུ་ཞིག་ཡིན་ཡང་སྤྱང་གྲུང་ལྡན་ལ་ལས་ཀར་བརྩོན་པོ་ཡོད་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ལོ་བཞི་སོང་རྗེས་ཁྱིམ་ཚང་དེའི་ཕྲུ་གུ་ནང་སའི་སློབ་འབྲིང་ལ་རྒྱུགས་འཕྲོད་ནས་ཁོ་མོ་བུ་རྫི་བྱེད་པའི་ལས་ཀ་མཇུག་འགྲིལ། བུ་རྫི་བྱས་པ་བརྒྱུད་ཁོ་མོར་ཕྱི་ཡི་འཇིག་རྟེན་འགྲིམ་པའི་བསམ་ཚུལ་དང་མཛེས་སྡུག་ལྡན་པའི་མི་ཚེའི་ལམ་བུ་ཞིག་འཚོལ་རྒྱུའི་ཕུགས་འདུན་ཡིད་ལ་འཁོར།

    འཕོ་འགྱུར་གཉིས་པ། བུ་རྫིའི་འཚོ་བ་མཇུག་འགྲིལ་ཡང་ཚེ་སྒྲོན་གྱིས་ལྷ་སར་ལས་ཀ་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན། གྲོགས་མོས་ངོ་སྤྲོད་བྱས་པ་བརྒྱུད་ཁོ་མོ་ཉི་འོད་གླིང་ཕྲན་ཚོང་ཟོག་ཁྲོམ་རའི་བྱིས་པའི་གྱོན་ཆས་ཚོང་ཁང་ཞིག་ཏུ་ལས་ཀ་བྱས། དེ་གར་ཁོ་མོས་ལས་ཀ་ཧུར་ཐག་བྱས་ནས་ལས་བྱ་གཞན་ལས་ཚོང་ཟོག་མང་བ་བཙོང་ཐུབ་པའི་བརྩོན་ལེན་བྱས་ཤིང་། ལོ་གསུམ་ནང་ཟ་མཁས་སྤྱོད་མཁས་དང་ལས་ཀ་ཧུར་ཐག་བྱ་རྒྱུ་དེ་ཁོ་མོའི་གོམས་གཤིས་སུ་གྱུར།

    འཕོ་འགྱུར་གསུམ་པ། ཉི་འོད་གླིང་ཕྲན་ཚོང་ཟོག་ཙག་ཙིག་ཁྲོམ་ར་སྤོས་རྗེས་དེ་སྔའི་སྦྱིན་བདག་གིས་གཞོན་ནུ་ལམ་དུ་དེ་བས་ཆེ་བའི་ཚོང་ཁང་ཞིག་འཛུགས་རྩིས་བྱས་པ་དང་ཁྲོམ་ར་གསར་པའི་ཚོང་ཁང་ནང་བཤུག་གཏོང་རྩིས་ཡོད་པ་རེད། སྐབས་དེར་གླ་པ་བྱས་ནས་བསྡད་འདོད་མི་བྱེད་པའི་ཚེ་སྒྲོན་གྱིས་ལོ་ཤས་བསགས་པའི་དངུལ་གྱིས་གྱོན་ཆས་ཚོང་ཁང་དེ་བོགས་མར་བླངས་ནས་རང་ཉིད་ཀྱིས་སྦྱིན་བདག་བྱས། སྐབས་དེ་དུས་ཁོ་མོ་20ལྷག་ཙམ་ལས་སོན་མེད་ཀྱང་མ་རྩ་སྒོར་ཁྲི་50ལྷག་ཙམ་ཡོད་པའི་སྦྱིན་བདག་ཆུང་ཆུང་ཞིག་ཏུ་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།