རུང་མ་ཤང་གཞུང་གྲོང་ཚོའི་སེག་མ་སྔོག་འདོན་བྱ་ཡུལ་དང་། རུང་མ་ཤང་རུང་མ་གྲོང་ཚོའི་བྱ་གསོ་མཉམ་ལས་ཁང་། ཆབ་ཁ་ཆུ་ནུབ་ཀོ་ཆས་མཉམ་ལས་ཁང་། མཐོང་སྨོན་ཤང་མཐོང་སྨོན་གྲོང་ཚོའི་ཕག་གསོ་མཉམ་ལས་ཁང་། རྟ་ནག་མདའ་ཤང་ལས་གཏོད་རྟེན་གཞི་ལ་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་རྟགས་རེ་རེ་བཞིན་བཞད་མཐོང་སྨོན་རྫོང་དང་ཐ་ན་གཞིས་རྩེ་གྲོང་ཁྱེར་དུ་སྐད་གྲགས་ཆོད་ནས་ས་ཆ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་མ་ཟད། གྲོང་ཚོ་རིམ་པའི་རྩ་འཛུགས་རང་ངོས་ཀྱི་རང་སྤེལ་ནུས་པ་ཡང་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན། 2013ལོའི་ལོ་མཇུག་བར་བཞད་མཐོང་སྨོན་རྫོང་གི་སྲིད་འཛིན་གྲོང་ཚོ་95ཡི་ཁྲོད་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཡོད་པའི་གྲོང་ཚོ་42ཡོད་པ་དེའི་ནང་ལོའི་ཡོང་འབབ་སྒོར་ཁྲི་5ཡན་གྱི་གྲོང་ཚོ་5དང་སྒོར་ཁྲི་5མན་གྱི་གྲོང་ཚོ་37ཡོད་པ་རེད། རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཁྲོད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་680.4བཏང་བར་ལོའི་ཡོང་འབབ་བསྡོམས་སྒོར་ཁྲི་425.9ཟིན་པ་རེད།
རྨང་གཞི་བརྟན་གཏོང་གིས་འཕེལ་རྒྱས་དོན་གཉེར་བྱེད་པ་།
“དཔུང་ཁག་འཛུགས་སྐྱོང་ཡག་པོ་དང་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན”ཞེས་བཞད་མཐོང་སྨོན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའི་པུའུ་ཀྲང་ཝུའུ་ཧོན་མིན་གྱིས་བཤད། དེར་བརྟེན་བཞད་མཐོང་སྨོན་རྫོང་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་དམ་འཛིན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཚོ་རིམ་པའི་ཚན་ཁག་གི་ཁོངས་མིའི་འཕེལ་རྒྱས་འདུ་ཤེས་བརྟན་དུ་བཏང་བ་དང“འགན་དབང་གཏན་འཁེལ་དང་ཚད་གཞི་བཟོ་བ་དང་། ལས་ཀར་ལུགས་མཐུན་གྱི་ཐོབ་ཐང་ཡོད་པ། ལས་ཀ་ཡག་པོ་བྱས་ཚེ་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པ། ལས་གནས་ལས་ཕྱིར་འཐེན་བྱེད་པར་འགན་ལེན་ངེས་ཅན་ཡོད་པ”བཅས་ཀྱི“གཏན་འཁེལ་གཅིག་དང་ཡོད་པ་གསུམ”གྱི་སྲིད་ཇུས་ཁྱབ་གདལ་བཏང་སྟེ་གྲོང་ཚོའི་ལས་བྱེད་པའི་བྱ་བ་དངོས་སྒྲུབ་པའི་སྤྲོ་སེམས་འཕེལ་བར་བྱས།
དུས་མཚུངས་བཞད་མཐོང་སྨོན་རྫོང་གིས་གཅིག་སྡུད་གསོ་སྦྱོང་དང་། རྒྱང་ཁྲིད་སློབ་གསོ། ཕྱི་ཕྱོགས་སུ་རྟོག་ཞིབ་སོགས་བྱེད་སྟངས་སྤྱད་དེ་ཞིང་འབྲོག་ལས་ཀྱི་དངོས་སྤྱོད་ལག་རྩལ་ནང་དོན་གཙོ་བོར་བྱས་ནས་རིགས་ཁག་གི་གསོ་སྦྱོང་རྒྱ་ཁྱབ་ངང་བྱས་པ་དང་། ཞིང་འབྲོག་པའི་ཏང་ཡོན་གྱི་འདེབས་འཛུགས་གསོ་སྤེལ་ལག་རྩལ་གོང་མཐོར་བཏང་ཐོག་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་བ་རེད།
ད་ཕན་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་གིས་རྣམ་པ་སྣ་ཚོགས་ཀྱི་ཞིང་འབྲོག་པའི་ཏང་ཡོན་གསོ་སྦྱོང་ཐེངས་152བྱས་པ་དང་ཞིང་འབྲོག་པའི་ཏང་ཡོན་མི་ཐེངས་2300ལྷག་ཙམ་གསོ་སྦྱོང་བྱས་པར་རིམ་རྩིས་བརྒྱབ་ན། གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ་མི་ཐེངས་1900ལྷག་ཙམ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན་མི་ཐེངས་80ལྷག་ཙམ། ཧྲུའུ་ཅི་དང་པོ་མི་ཐེངས་180ལྷག་ཙམ། ཕྱུག་འགྱུར་སྣེ་ཁྲིད་པ་མི་ཐེངས་70ལྷག་ཙམ་བཅས་ལ་གསོ་སྦྱོང་བྱས་པར་ཞིང་འབྲོག་པའི་ཏང་ཡོན་གྱི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། བཅའ་ཁྲིམས་ཁྲིམས་སྲོལ་འདུ་ཤེས། ལས་གཏོད་ཕྱུག་འགྱུར་འཇོན་ཐང་བཅས་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་རེད།
“རྣམ་པ་ལྔའི”དཔལ་འབྱོར་དཔེ་དབྱིབས་མཉམ་འགུལ་བྱེད་པ་།
“གྲོང་ཚོའི་ཁེ་ལས་མཉམ་ལས་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་ལ་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ་ནས་བཟུང་། 2013ལོའི་ཟླ་6པ་ནས་གཉེར་སྐྱོང་བྱས་པའི་སེག་མ་སྔོག་འདོན་བྱེད་ཡུལ་གྱི་ལོ་གཅིག་གི་ཁེ་གཙང་སྒོར་ཁྲི་260ཟིན་པ་དང་། གྲོང་ཚོའི་ནང་ད་ཆ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེ་གྲས་22ཡོད་པར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10.2ཟིན་ཡོད”ཅེས་རུང་མ་ཤང་གཞུང་གྲོང་ཚོའི་གསར་དུ་བདམས་པའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་དོན་གྲུབ་ཀྱིས་གསར་འགོད་པར“དུད་ཚང་ཚང་མར་ལས་ཀ་བྱ་རྒྱུ་ཡོད་པ་དང་ཡོང་འབབ་གསོག་ཐུབ་ཀྱི་ཡོད”ཅེས་བཤད།
དེ་ནི་བཞད་མཐོང་སྨོན་རྫོང་གིས“རྣམ་པ་ལྔའི”གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་བྱས་པའི་བསྡུས་རིས་ཙམ་ཞིག་རེད།
“རང་རྫོང་གིས་ད་ཡོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་འབྲོག་ལས་དང་གཏེར་ཐོན་ལས་རིགས་ལ་བརྟེན་ནས་གྲོང་ཚོའི་ཁེ་ལས་མཉམ་ལས་ཀྱི‘མཉམ་འགུལ’རྣམ་པ་དང་། ཁྱད་ལྡན་གསར་སྤེལ་གྱི‘སྐུལ་ཁྲིད’རྣམ་པ། འཇོན་ཐང་ཅན་གྱི་ཕྱུག་འགྱུར‘སྣེ་ཁྲིད’རྣམ་པ། སྲིད་ཇུས་རོགས་སྐྱོར་གྱི‘སྐུལ་འདེད’རྣམ་པ། གྲོང་དཔོན་གྱི་ལས་གཏོད‘ཁྲིད་སྟོན’རྣམ་པ་བཅས་ཀྱི་རྣམ་པ་ལྔའི་དཔལ་འབྱོར་གཙོ་གནད་དུ་འཕེལ་རྒྱས་བཏང་བར་རྫོང་ཁོངས་ཀྱི་ཁྱད་ཆོས་དང་འཚམ་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐུབ་པའི་འཕེལ་རྒྱས་དཔེ་དབྱིབས་རགས་ཙམ་ཆགས་ཡོད”
རིན་ཆེན་རྩེ་ཤང་གནམ་ལྡིང་གྲོང་ཚོའི་ཚེ་རིང་བཀྲ་ཤིས་ཀྱིས་ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་མ་དངུལ་སྒོར་ཁྲི་50གྲབས་གསོག་བྱས་ནས“ཤེལ་དཀར་འཛུགས་སྐྲུན་རུ་ཁག”བཙུགས་ཏེ་ས་ཆ་དེ་གའི་མང་ཚོགས་30ལྷག་ཙམ་བསྡུས་པར་ལོའི་ཡོང་འབབ་སྒོར་ཁྲི་60ཟིན་པ་དང་། རྟ་ནག་མདའ་ཤང་ལྡིང་ཀ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་འཕྲིན་ལས་ཀྱིས་གྲོང་ཚོ་དེའི་རྡོ་ཆས་ཐོན་ཁུངས་ཧ་ཅང་གྱ་ནོམ་པའི་དོན་དངོས་གཞིར་བཟུང“ཁམས་བཟང་རྡོ་ཆས་ཆེད་ལས་མཉམ་ལས་ཁང”བཙུགས་ནས་མང་ཚོགས་82ལ་ལས་ཞུགས་བྱེད་རོགས་བྱས་པར་ལོའི་ཡོང་འབབ་སྒོར་ཁྲི་50ཙམ་བྱུང་བ། མཐོང་སྨོན་ཤང་མཐོང་སྨོན་གྲོང་ཚོའི་སློབ་ཆེན་ཐོན་པའི་གྲོང་དཔོན་གསལ་སྒྲོན་གྱིས་མ་དངུལ་སྒོར་ཁྲི་2བརྩོན་ལེན་བྱས་ནས་མཐོང་སྨོན་གྲོང་ཚོའི་གླིང་ཁ་བསྐྲུན་པར་དཀའ་ངལ་ཡོད་པའི་མང་ཚོགས་2ལས་ཞུགས་ཐུབ་ནས་ཟླ་རེའི་ཡོང་འབབ་སྒོར་ཁྲི་1ཡན་ཟིན་པ་ལ་སོགས་རེད།
ལམ་སྲོལ་འཐུས་ཚང་དུ་བཏང་ནས་གསོན་ཤུགས་འཕེལ་བར་བྱེད་པ་།
གཞི་ཁྱོན་རགས་ཙམ་ཆགས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རེ་རེ་བཞིན་ཇི་ལྟར་བྱས་ཏེ་མི་ཉམས་གོང་འཕེལ་ཡོང་བར་བྱ་རྒྱུ་དེ་བཞད་མཐོང་སྨོན་རྫོང་གི་རིམ་ཁག་སྲིད་གཞུང་གིས་བསམ་གཞིགས་བྱ་ཡུལ་དུ་གྱུར་ཡོད།
མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གྲོང་ཚོ་རིམ་པའི་ནོར་དོན་ཐད་རང་བཤེར་རང་བསྲང་དང་གཙོ་གནད་གཙང་བཤེར་བྱ་རྒྱུ་ཟུང་འབྲེལ་ཡག་པོ་བྱས་ཏེ་རྩིས་བཤེར་ལམ་ལུགས་ལག་བསྟར་བྱས་ཤིང་། གཙང་བཤེར་བྱས་པ་བརྒྱུད་གདིང་གཞི་གསལ་པོ་བྱུང་བ་དང་། ལམ་ལུགས་ཚད་ལྡན་དུ་སོང་བ། རྩིས་ཐོ་གསལ་པོ་དང་བློ་བདེ་བག་ཕེབས་བཅས་བྱུང་བ་མ་ཟད། གཙང་བཤེར་བྱས་འབྲས་ཡོངས་བསྒྲགས་བྱས་ཐོག་མང་ཚོགས་ཀྱིས་གསལ་ཤེས་ཐུབ་པ་དང་ལས་བྱེད་པའི་སེམས་ཁྲལ་བསལ་ཡོད། མང་ཚོགས་ལ་གྲོང་དོན་དང་། སྲིད་དོན། ནོར་དོན་བཅས་ཡོངས་བསྒྲགས་བྱས་ནས་གྲོང་མིས་དོ་ཁུར་བྱེད་པའི་ལས་དོན་ཚང་མ་ཡོངས་བསྒྲགས་བྱས་ཏེ་གནས་ཚུལ་ཤེས་དབང་དང་། གྲོས་བསྡུར་བྱེད་དབང་། ལྟ་སྐུལ་དབང་ཆ་བཅས་མང་ཚོགས་ལ་སྤྲད་པ་དང་རྗེས་སུ་རྩ་འཛུགས་ལ་རྒྱབ་སྐྱོར་དང་། ལམ་ལུགས་འཛུགས་སྐྱོང་། འགྲོ་གྲོན་འགན་ལེན་སོགས་ཐད་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་ཐོག་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་པ་རེད།