གླེང་གཞི།
མིག་སྔར་བོད་ཀྱི་ཞིང་འབྲོག་ལས་དེ་ཉིད་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ནས་དེང་རབས་ཞིང་འབྲོག་ལས་སུ་འགྱུར་བའི་གལ་ཆེའི་དུས་མཚམས་སུ་གནས་ཡོད།
ཉེ་ལམ་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་སོན་བཟང་འདེམས་གསོ་དང་ལེ་ལག་ཚང་བའི་ལག་རྩལ་དཔེ་སྟོན་བྱ་རྒྱུར་དམ་འཛིན་མངོན་གསལ་དོད་པོ་བྱས་ནས། རྟེན་གཞི་དང་གླིང་ཁུལ་སོགས་དཔེ་སྟོན་གཞན་སྒྱུར་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གསར་སྤེལ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བས། ཞིང་འབྲོག་ལས་ཚན་རྩལ་ལྗོངས་ཡོངས་སུ་ཁྱབ་སྤེལ་ཤུགས་ཆེན་བྱུང་ཡོད། ཞིང་འབྲོག་ལས་ཚན་རྩལ་གྱིས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུར་ལག་རྩལ་གྱི་ཤུགས་ཆེའི་འདེགས་སྐྱོར་བྱས་ཡོད་པ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དེ་བས་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད།
ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ།
ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། ཞབས་ཞུའི་ཆུ་ཚད་མཐོར་གཏོང་། ཞིང་འབྲོག་པའི་ཆེད་ལས་རྩ་འཛུགས་སྐྱེད་སྲིང་། ཞིང་འབྲོག་པ་རང་ངོས་ཀྱི་འཕེལ་རྒྱས་དང་རང་གིས་རང་ལ་ཞབས་འདེགས་ཞུ་ནུས་ཆེར་གཏོང་བཅས་ཀྱི་གལ་ཆེའི་དམ་འཛིན་བྱེད་གཞི་ཞིག་ཡིན་པའི་ངོས་ནས་རང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་ཚན་རྩལ་ཆེད་མངགས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་དང་ཞིང་འབྲོག་ལས་ཀྱི་འཐབ་ས་དང་པོར་རྒྱ་ཆེའི་ཚན་རྩལ་ཆེད་མངགས་པས་ས་གནས་དེ་གའི་ཐོན་ལས་དང་ཚན་རྩལ་དགོས་མཁོར་གཞིགས་ཏེ། ཞིང་འབྲོག་མང་ཚོགས་དབར་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་བཙུགས་ནས་ལས་གཏོད་དང་ཞབས་འདེགས་ཞུས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ནུས་ལྡན་ཐུབ་པ་བྱས་པས་ཚན་རྩལ་ཆེད་མངགས་པས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་ལས་གཏོད་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་ནུས་ལྡན་ཞིག་ཆགས་ཡོད།
2014ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་2600མང་དུ་བཏང་བས། ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་7166བར་མང་དུ་ཕྱིན་ནས། སྲིད་འཛིན་གྲོང་ཚོར་ཁྱབ་ཚད་90%ཟིན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
2010ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ལས་གཏོད་བྱ་སྤྱོད་འཆར་གཞི་བཟོས་ནས་ལག་ལེན་བསྟར་ཏེ། ལོ་ལྟར་ཚན་རྩལ་ཆེད་མངགས་པའི་ལས་གཏོད་ཞབས་ཞུའི་རིགས་ཀྱི་རྣམ་གྲངས་ཁག་25བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་ཁྲི་400བཏང་ཡོད། མིག་སྔར་ཚན་རྩལ་ཆེད་མངགས་པའི་མཐུན་ཚོགས་སྣ་ཚོགས་128ཟིན་ནས་ཚོགས་མི་13481བསྡུས་ཡོད་པས་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་348དང་ལས་གཏོད་ཁེ་ལས་6ཆགས་ཡོད་པ་དང་། ཚན་རྩལ་ཆེད་མངགས་པའི་ཞབས་ཞུ་བརྒྱུད་དཔེ་སྟོན་ལས་གཏོད་དུད་ཆེན་2288ཆགས་ཡོད་པ། ཚན་རྩལ་ཆེད་མངགས་པ་ཞིང་འབྲེལ་རྣམ་གྲངས་ལ་ཞུགས་པ་དང་འགན་གཙང་བླངས་པ་བརྒྱུད་ཐོན་ལས་འབྲེལ་ཐག་31ཆགས་པ་དང་ལག་རྩལ་གསར་པ་ཁག་268ཁྱབ་གདལ་བཏང་ནས་ཞིང་འབྲོག་མང་ཚོགས་དང་རྒྱ་ཆེའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཞིང་ལས་ལག་རྩལ་མི་སྣ་མི་ཐེངས་ཁྲི་56ལ་གསོ་སྦྱོང་བྱས་པ་དང་ཚན་རྩལ་ཆེད་མངགས་པ་912རྒྱལ་ཁབ་ཚན་རྩལ་ཆེད་མངགས་པའི་ཤེས་ལྡན་མི་སྣའི་མཛོད་ནང་ཚུད་ཡོད།
ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་རྣམ་གྲངས་བཀོད་སྒྲིག་བྱེད་སྐབས་ཞིང་འབྲོག་པ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཚད་དང་། གསོ་སྦྱོང་མི་གྲངས། ཞིང་འབྲོག་པའི་འབབ་འཕར་དངུལ་གྲངས་བཅས་རྣམ་གྲངས་ཞིབ་དཔྱད་ཀྱི་གལ་ཆེའི་ཚད་གཞི་ཞིག་ཏུ་བརྩིས་ནས་ཚན་རྩལ་གཞན་སྒྱུར་རིགས་དང་ཚན་རྩལ་དཔེ་སྟོན་ཁྱབ་གདལ་རིགས་ཀྱི་རྣམ་གྲངས་གཞི་རྩའི་ཆ་ནས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གྱི་ཞིང་འབྲོག་པས་ལག་ལེན་བསྟར་དུ་བཅུག་ནས་ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་ཉ་རི་གཞུང་ཤང་སྨོན་དཀར་གྲོང་ཚོའི་གྲོང་མི་བསོད་ནམས་རྡོ་རྗེ་དང་ནང་མི་ཚོ་རང་ཁྱིམ་གྱི་ཞིང་ཁའི་ནང་རྩྭ་ངན་འཐུ་བཞིན་ཡོད་པ་དང་། ལོ་50ལ་སླེབས་པའི་བསོད་ནམས་རྡོ་རྗེའི་ཁྱིམ་དུ་ས་ཞིང་མུའུ་47ཡོད་པ་དང་2014ལོར་ཁོང་གིས་རང་ཁྱིམ་གྱི་ས་ཞིང་མུའུ་15སྤྱད་དེ“བོད་ནས་ཨང་2000”བཏབ་པས་ནས་ཞིང་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་སྐབས་ཁོང་ལ་འདི་ལོ་ལོ་ལེགས་ཡོང་བའི་གདེང་ཚོད་ཀྱིས་ཁེངས་ཡོད།
རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ཞིང་འབྲོག་པ་ཚོས་ཤེས་བྱ་སྦྱངས་པས་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་མཐོ་རུ་ཕྱིན་ནས་འབབ་འཕར་བྱུང་ཡོད། 2011ལོ་ནས་2013ལོའི་བར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་3.4ལ་ཐད་ཀར་འབབ་འཕར་སྒོར་ཁྲི་6830བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000བྱུང་ཡོད།
རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2013ལོར་ལག་ལེན་བསྟར་བའི“བོད་ནས་ཨང་2000”གི་དཔེ་སྟོན་རྣམ་གྲངས་ཁྲོད་ལྷ་ས་དང་ལྷོ་ཁ་སོགས་ས་ཁུལ་དང་གྲོང་ཁྱེར་5ཡི་རྣམ་གྲངས་ཁུལ་གྱི་ཞིང་པའི་ས་བོན་གྱི་རིན་ཁྱད་འབབ་འཕར་སྒོར་ཁྲི་175ཟིན་པ་དང་། ས་བོན་རིན་མེད་སྤྲོད་པའི་འབབ་འཕར་སྒོར་ཁྲི་700ཟིན་པ། སོན་ཞིང་ལེགས་འདེམས་སོགས་ངལ་ནུས་ཡོང་འབབ་སྒོར་ཁྲི་264.6ཟིན་པ། ཐོན་འཕར་ཡོང་འབབ་ཕུད་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་འབབ་འཕར་སྒོར་ཁྲི་1139.6བྱུང་ཡོད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ།
ཉེ་ལམ་ལོ་ཤས་རིང་རང་ལྗོངས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་བ་དང་། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ། ཐོན་ལས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཚན་རྩལ་ལས་དོན་གྱི་བྱེད་ཕྱོགས་ལ་གཞིགས་ནས་ཚན་རྩལ་རྣམ་གྲངས་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ཞིང་འབྲོག་པ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་པའི་རྩལ་ནུས་ཆུ་ཚད་དང་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་དང་ཆེད་ལས་མཉམ་ལས་རྩ་འཛུགས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར་དང་། ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་ཞིང་འབྲོག་ལས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུ་བཅས་ཀྱི་ཐད་ཚན་རྩལ་ལས་དོན་གྱིས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་གྱི་གྲོང་མི་དར་རྒྱས་ནི་ཕན་པ་ཐོབ་མཁན་གྲས་ཤིག་ཡིན་པ་དང་། ན་ནིང་དབྱར་ཁར་ཁོང་ཁྱིམ་གྱིས་ཤིས་ཀྭ་བཙོངས་པར་རིན་གོང་མཐོ་པོ་རག་ཡོད།
“ང་ཚོའི་ཁྱིམ་ནི་དེ་སྔོན་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་དུད་ཚང་དབུལ་པོ་ཡིན། 2006ལོ་ནས་བཟུང་ཤིས་ཀྭ་འདེབས་འགོ་བཙུགས་པ་དང་སྐབས་དེ་དུས་དྲོད་ཁང་2ལས་མེད། 2007ལོར་དྲོད་ཁང་6བར་མང་དུ་བཏང་བ་དང་ད་ཆ་དྲོད་ཁང་10ཡི་ནང་ཤིས་ཀྭ་འདེབས་ཀྱི་ཡོད། ལོ་ཤས་རིང་ཤིས་ཀྭ་བཏབ་པ་ཁོ་ན་ལས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང”ཞེས་དར་རྒྱས་ཀྱིས་གསར་འགོད་པར་བཤད་བྱུང་།
སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ།
གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་3རིང་ལྗོངས་ཡོངས་སུ་ཚན་རྩལ་རྣམ་གྲངས་ཐད་ནས་རྒྱབ་སྐྱོར་བྱས་པའི་ཞིང་འབྲེལ་ཁེ་ལས་36ཡོད་པ་དང་མ་དངུལ་སྒོར་ཁྲི་4800ལྷག་ཙམ་བཏང་བ་དེས་རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་སྣ་ཁ་དང་ཕྱུགས་རིགས་རྒྱུད་པ་གསར་པ་དཔེ་སྟོན་ཁྱབ་གདལ་གཏོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་ནས་ཞིང་ཞོར་ཐོན་རྫས་ལས་སྣོན་བྱེད་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པ་བརྒྱུད་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་67500འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ཁེ་ལས་ཀྱིས་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཞིང་འབྲོག་པ་1451གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཁག་52རེ་ཞུ་བྱས་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག་16ཡོད། 2013ལོར་ལྗོངས་ཡོངས་སུ་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9.26ཟིན་པ་དང་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་9.17ཟིན་ནས་ལོ་རེར་ཆ་སྙོམས་ཐོན་རྫས་རིན་ཐང་འཕར་ཚད་15.6%ཟིན་ཡོད།