དབུ་ཤོག>གསར་འགྱུར།
  • ལྷོ་ཁ་ས་ཁུལ་གྱི་2014ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-04

    ལོ་རྙིང་པ་མཇུག་འགྲིལ་ནས་ལོ་གསར་པ་འགོ་ཚུགས་པའི་དུས་འདིར་ཡར་ཀླུང་ས་གཞི་ཆེ་མོའི་གང་སར་གསོན་ཤུགས་ཀྱིས་ཁེངས་ཤིང་། བཟོ་ལས་ཁེ་ལས་མང་པོ་ཞིག་རིམ་བཞིན་སྟོབས་ཆེར་འགྲོ་བ་དང་། གལ་ཆེའི་རྣམ་གྲངས་རེ་རེ་ཐོན་སྐྱེད་བྱེད་འགོ་ཚུགས་པ། འགྲོ་ལམ་མང་པོའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ། ཚད་གཞི་མཐོ་པོས་སྐྲུན་པའི་གྲོང་ཁྱེར་ཐོག་བརྩེགས་ཁང་པ་དང་གྲོང་གསེབ་ཀྱི་སྡོད་ཁང་མང་པོ་བཅས་ལས་ཚོན་རིས་རྣམ་པར་བཀྲ་བའི་དམངས་འཚོའི་ཤོག་དབྲིལ་རི་མོ་ཞིག་གྲུབ་ནས་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་པའི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད།

    དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས།

    གསར་འགོད་པས་ལྷོ་ཁ་ས་ཁུལ་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར་སྔོན་དཔག་བྱས་ན་ལྷོ་ཁ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཀྱི་ཡོང་འབབ། ཁྲལ་བསྡུའི་ཡོང་འབབ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་སྒོར་དུང་ཕྱུར་100.1དང་། སྒོར་དུང་ཕྱུར་137.36 སྒོར་དུང་ཕྱུར་9.86 སྒོར་དུང་ཕྱུར་16.8 སྒོར་དུང་ཕྱུར་34.19 སྒོར་8235བཅས་ཁག་སོ་སོར་ཟིན་པ་དེ་དུས་མཚུངས་ལས་12.1%དང་། 28.4% 24.4% 14% 17.2% 16%བཅས་ཁག་སོ་སོར་འཕར་བཟོ་ཡོད་པ་རེད། མི་སེམས་རབ་ཏུ་དགའ་བའི་གྲངས་གཞི་དེ་དག་ནི་ལྷོ་ཁ་ས་ཁུལ་གྱི་2014ལོའི་དཔལ་འབྱོར་ལས་དོན་གཅིག་སྡུད་ཐོག་མཚོན་པ་ཞིག་རེད།

    “ཐོན་ལས་དང་། སྤུས་རྟགས། ཚོང་རྟགས”བཅས་ཀྱི་སྐུལ་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་གཙོ་རྐང་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོ་བོ་ཉིད་ཀྱི་བླང་བྱ་ཞིག་རེད། ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲང་ཡུང་ཙེས་ངོ་སྤྲོད་བྱས་པར་གཞིགས་ན། སྤུས་ལེགས་ནས་སོན་དང་། ཞོག་དམར། རྒུན་འབྲུམ་དང་བོད་བྱ། བོད་བྱའི་སྒོ་ང་སོགས་ཁྱད་ལྡན་ཐོན་ལས་7“སྐུལ་སྤེལ་གསུམ”གྱི་གཙོ་གནད་རྣམ་གྲངས་ལ་གཏན་འཁེལ་བྱས་པ་ནས་བཟུང་ལྷོ་ཁ་ས་ཁུལ་གྱི“སྐུལ་སྤེལ་གསུམ”གྱི་གཙོ་གནད་རྣམ་གྲངས་ལ་གྲུབ་འབྲས་རགས་ཙམ་ཐོབ་པ་དང་། ཁྱད་ལྡན་དང་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་སྒྱུར་བཞིན་ཡོད་པས་ཞིང་འབྲོག་མང་ཚོགས་ཚོར་འབབ་འཕར་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

    “བཟོ་ལས་ལ་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བ་དང་བཟོ་ལས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཐོན་ལས་གཉིས་པ་དེ་ལྷོ་ཁའི་དཔལ་འབྱོར་གྱི་མིང་བྱང་དུ་འགྱུར་བ་བྱེད་དགོས”པའི་བླང་བྱ་བཏོན་རྗེས་བཟོ་ལས་ཀྱིས་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གཙོ་ཁྲིད་གནས་བབ་རགས་ཙམ་བཟུང་ཡོད། བསྡོམས་རྩིས་ལ་གཞིགས་ན། ན་ནིང་ལྷོ་ཁ་ས་ཁུལ་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.5ཟིན་ནས་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

    སྤྱི་ཚོགས་འཛུགས་སྐྱོང་སྐུལ་སྤེལ་ཏན་ཏིག་བཏང་།

    2014ལོ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཡར་ཐོན་གྱི་ལོ་ཞིག་དེ་བས་ཡིན། མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་35ཡི་ཐུན་མོང་འབད་བརྩོན་འོག་ལྷོ་ཁ་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། སྤྱི་ཚོགས་འཛུགས་སྐྱོང་སྐུལ་སྤེལ་ཏན་ཏིག གཞི་རིམ་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན། ཏང་འཛུགས་སྐྱོང་ཁྱོན་ཡོངས་ནས་ཆེ་རུ་བཅས་ཕྱིན་ཡོད།

    ན་ནིང་ལྷོ་ཁ་ས་ཁུལ་གྱིས་ཞིང་འབྲོག་པའི་འབབ་འཕར་གྱི“འདུ་འགོད་ཆེན་པོ་བརྒྱད”ལག་ལེན་བསྟར་ནས་དམངས་འཚོའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བའི་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར་9.87དོན་འཁྱོལ་བྱས་པ་དང་། ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་གྲངས་ཁྲི་1.48གསོ་སྦྱོང་བྱས་པ། ངལ་ནུས་ཕྱིར་གཏོང་མི་ཐེངས་ཁྲི་10.58བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་5བཏོད་པ། མི་ཁྲི་1.77དབུལ་སྒྲོལ་ཐུབ་པ་བཅས་བྱས་ཡོད། ལྷོ་ཁ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་ཁྲི་1476དོན་འཁྱོལ་བྱས་ནས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ཞིང་འབྲོག་པའི་བུ་ཕྲུག་5436ལ་རོགས་སྐྱོར་བྱས་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་བ་དང་དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་བརྟག་དཔྱད་དང“གཉིས་གཅོག་གཅིག་སྤོར”སོགས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་སྔོན་དུ་སྤེལ་ཡོད།

    རྨང་གཞིའི་འཛུགས་སྐྲུན་ཉིན་བཞིན་ཤུགས་ཆེར་ཕྱིན།

    ད་ཆའི་རྩེད་ཐང་གྲོང་རྡལ་དུ་ཁྲོམ་གཞུང་རྒྱ་ཆེ་ལ་གཙང་བ་དང་། རླངས་འཁོར་སྣ་ཚོགས་འགྲོ་འོང་བྱེད་པ། ཐོག་བརྩེགས་ཁང་པ་གྲལ་བསྟར་འགྲིག་པ་སོགས་ལས་དཔྱིད་དཔལ་བཞད་པ་ལྟར་གྱི་གྲོང་ཁྱེར་གྱི་རྣམ་པ་ཞིག་མངོན་ཡོད།

    2014ལོར་ལྷོ་ཁ་ས་ཁུལ་གྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་11ཐད་ཀྱི་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱས་ཡོད། ས་ཁུལ་གྱི་སྲིད་འཛིན་ཞིབ་མཆན་དོན་གནད་ཁག་178གཙང་བཤེར་ལེགས་སྒྲིག་བྱས་པ་དང་། རྩེད་ཐང་གི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྒྱུར་བཅོས་བྱས་པ། གཞུང་འཛུགས་སྨན་ཁང་དུ“སྔོན་ལ་ནད་སྡོད་དང་དེ་རྗེས་མཇུག་རྩིས་རྒྱག་པའི”ལམ་ལུགས་ལག་ལེན་བསྟར་བ། ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི“གཅིག་འཐུས་རྣམ་པའི”དམངས་བདེ་དམངས་ཕན་གྱི་དམངས་ལ་ཞབས་འདེགས་ཞུ་ཡུལ་ཁྱོན་ཡོངས་ལ་ཁྱབ་ཡོད། ལྷོ་ཁ་ས་ཁུལ་གྱིས་ད་དུང་ཁྲིད་སྟོན་དང་། རྒྱབ་སྐྱོར། མ་དངུལ་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་མ་འཇོག་གཉེར་སྐྱོང་ཁོར་ཡུག་ལེགས་སུ་བཏང་ཡོད། ས་ཁུལ་དེ་ཡོངས་སུ་མིག་སྔར་རིགས་ཁག་གི་སྤྱི་དབང་མིན་པའི་ཁྲོམ་རའི་གཙོ་གཟུགས་དུད་ཚང་ཁྲི་1.46ཟིན་ནས་14.7%འཕར་ཡོད།

    སྣོད་བཅུད་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ལ་ལག་ལེན་བསྟར་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་བཙོག་འབུད་ཉུང་གཏོང་སོགས་ཀྱི་ལས་དོན་སྤེལ་ཡོད། ཡར་འབྲོག་གཡུ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། སྣེ་གདོང་སྦྱིན་ཀླུ་གྲོང་མི་ཨུ་ལྷན་གྱི་རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་གྲོང་ཚོ་དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་གྲོང་16 རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་60སྐྲུན་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།