དབུ་ཤོག>གསར་འགྱུར།
  • སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》པར་འགྲེམས་གནང་བ་དང་ཡིག་ཆ་ཆ་ཚང་གཤམ་གསལ།

    2014ལོར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་གསེབ་སྒྱུར་བཅོས་བྱེད་ཤུགས་གཏིང་ཟབ་ཏུ་བཏང་བས་འབྲུ་རིགས་ཐོན་ཚད“ལོ་བཅུ་གཅིག་བསྟུད་མར་འཕར་སྣོན”བྱུང་བ་དང་། ཞིང་པའི་ཡོང་འབབ་མུ་མཐུད་མགྱོགས་ཙམ་ངང་འཕར་བ། གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་རྒྱུན་བསྲིང་ངང་གོང་དུ་འཕེལ་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་བར་བརྟེན་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག  སྒྱུར་བཅོས་ལ་སྐུལ་མ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

    དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་ནམ་གསར་པ་ཞིག་ཏུ་སླེབས་ཏེ་མྱུར་ཚད་མགྱོགས་པོ་ནས་མྱུར་ཚད་འབྲིང་བའི་ཐོག་འགྱུར་བཞིན་ཡོད་པས་དཔལ་འབྱོར་གྱི་འཕར་ཚད་འགོར་དུ་འགྲོ་བའི་གནས་ཚུལ་འོག་ཇི་ལྟར་བྱས་ནས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ལ་མུ་མཐུད་ཤུགས་སྣོན་དང་ཞིང་པ་མུ་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།  རྒྱལ་ནང་ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་མགྱོགས་མྱུར་ངང་ཆེ་རུ་ཕྱིན་པ་དང་དཔངས་ཆེའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་རྒྱལ་སྤྱིའི་ཁྲོམ་ར་ལས་ཡོངས་ཁྱབ་ཏུ་མཐོ་བ་ཡོད་པས“གནོན་ཤུགས་གཉིས”ཀྱི་འོག་ཇི་ལྟར་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་དེ་སྲུང་སྐྱོང་གི་སྲིད་ཇུས་གསར་གཏོད་དང་ཞིང་ལས་ཀྱི་འགྲན་རྩོལ་ནུས་པ་མཐོ་རུ་གཏོང་རྒྱུ་དེ་ནི་ངེས་པར་དུ་ཐེག་ཐུབ་པ་བྱེད་དགོས་པའི་ཚོད་བགམ་གལ་ཆེན་ཞིག་རེད།  རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་མི་འདང་བ་དང་། གསར་སྤེལ་བྱེད་དྲགས་པ།   སྦགས་བཙོག་ཇེ་ཆེར་ཕྱིན་པས་ཐོན་ཁུངས་ཁོར་ཡུག་གཅུན་འདོམས་ནན་པོའི་འོག་ཇི་ལྟར་བྱས་ནས་ཞིང་ལས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་ལས་རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་ནུས་མཐོ་རུ་གཏོང་རྒྱུ་དེ་ནི་ངེས་པར་དུ་གཅོག་དགོས་པའི་འགྲན་སློང་གལ་ཆེན་ཞིག་རེད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་གཞི་རྒྱུ་འཁོར་རྒྱུག་མགྱོགས་སུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འགུལ་ཆེ་རུ་ཕྱིན་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་གནས་ཚུལ་འོག་ཇི་ལྟར་བྱས་ནས་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།  དཀའ་གནད་དེ་དག་བསལ་རྒྱུ་ནི་ཕྱིན་ཆད་སྐབས་ཤིག་རིང“ཞིང་གསུམ”ལས་དོན་གྱི་ལས་འགན་གལ་ཆེན་ཞིག་རེད།  ངེས་པར་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་ཡོང་བ་དང་ཁྲིམས་སྐྱོང་གི་འགན་ལེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེགས་མགྱོགས་པོ་གཏོང་དགོས། 

    2015ལོར་ཞིང་ལས་དང་གྲོང་གསེབ་ལས་དོན་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་རང་འགུལ་ངང་འཚམ་པ་བྱས་ནས་འབྲུ་རིགས་བརྟན་པོའི་ངང་འབབ་འཕར་ཡོང་བ་དང་། སྤུས་ཀ་དང་ཕན་འབྲས་མཐོར་གཏོང་། གསར་གཏོད་ལ་བརྟེན་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་གྲོང་གསེབ་སྒྱུར་བཅོས་མུ་མཐུད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་གསར་པ་དང་ཞིང་ལས་དེང་རབས་ཅན་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་མཐོར་གཏོང་ཐད་མི་མངོན་པའི་ནུས་པ་འདོན་ཐུབ་པ་དང་། ཞིང་ལས་གྲུབ་ཆ་ལེགས་སུ་གཏོང་བའི་ཐད་ཐབས་ལམ་གསར་པ་གཏོད་པ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། ཞིང་པ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ། གྲོང་གསེབ་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོ་ཐུབ་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    གཅིག དེང་རབས་ཞིང་ལས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་འགྱུར་མགྱོགས་སུ་གཏོང་དགོས།

    ཀྲུང་གོ་སྟོབས་ཆེ་ཡོང་བར་ཞིང་ལས་ངེས་པར་དུ་སྟོབས་ཆེ་ཡོད་དགོས། ཞིང་ལས་སྟོབས་ཆེ་ཡོང་བར་ངེས་པར་དུ་ཐོན་ཚད་དོན་གཉེར་གཙོ་བོར་བྱེད་པ་དང་ཐོན་ཁུངས་ཟད་གྲོན་ལ་བརྟེན་པའི་རགས་ལས་གཉེར་སྐྱོང་ནས་གྲངས་འབོར་དང་སྤུས་ཚད་ཀྱི་ཕན་འབྲས་གལ་ཆེ་མཉམ་བརྩི་དང་། འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྣང་ཆེན། ཞིང་ལས་ཚན་རྩལ་གསར་གཏོད་ལ་སྣང་ཆེན། རྒྱུན་བསྲིང་ལ་སྣང་ཆེན་བཅས་བྱེད་པའི་ཞིབ་གཉེར་འཕེལ་རྒྱས་ཐོག་གང་མྱུར་བསྒྱུར་ནས་ཕན་འབྲས་མཐོ་བ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་གྲོགས་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།

    1.འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འབྲུ་རིགས་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་དང་ཐོན་ཁུལ་གཙོ་བོའི་རྫོང་གི་སྲིད་ཇུས་གཟིགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་གྱིས་ཞིང་ལས་མཐོང་ཆེན་དང་འབྲུ་རིགས་ལ་དམ་འཛིན་བྱས་པར་ཕན་འབྲས་ཐོན་པ་དང་འཕེལ་རྒྱས་ཡོང་རྒྱུ་འགན་ལེན་བྱེད་དགོས། འབྲུ་རིགས་བྲིན་ཚོང་གཙོ་བོའི་ཁུལ་གྱིས་རང་ངོས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། རྒྱུན་རིང་གཞི་རྩའི་ཞིང་ཁ་དབྱེ་འབྱེད་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་གཅིག་འདོམས་ལག་བསྟར་དང་སྔོ་ཞིང་གི་སྤུས་ཚད་ལ་སྲུང་སྐྱོང་དང་མཐོར་འདེགས་བྱ་སྤྱོད་ལག་བསྟར་བྱེད་དགོས། འཛུགས་སྐྲུན་ཐད་ཀྱི་བཟུང་སྤྱོད་རྨོ་ཞིང་གི་རྨོ་ལས་རིམ་པའི་ས་རྒྱུ་བསྐྱར་སྤྱོད་ལ་སྒོ་ཀུན་ནས་སྐུལ་མ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པའི་ཁུལ་འཛུགས་རྒྱུར་འཚོལ་ཞིབ་བྱས་ནས་བཟའ་འབྲུ་ཐོན་སྐྱེད་ཀྱི་ནུས་པ་དེ་ཞིང་ཁར་དོན་འཁྱོལ་དང་འགན་ལེན་བྱ་ཐབས་དེ་ཞིབ་ཕྲའི་རྣམ་གྲངས་ཐོག་དོན་འཁྱོལ་འགན་ལེན་བྱེད་དགོས། མ་དངུལ་བསྡུ་གཏོང་ལམ་སྲོལ་གསར་གཏོད་བྱས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཆུ་འདྲེན་ལས་གྲྭ་ཆེན་པོ་དང་། གཙོ་གནད་ཆུ་འགོའི་ལས་གྲྭ གཙང་ཆུ་མཚོ་གསུམ་བཅོས་སྒྲིག་གི་རྐང་འཛིན་ལས་གྲྭ་ཁག་གཅིག་བཅས་དང་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་ཆེན་པོའི་འཛུགས་སྐྲུན་གྱི་ས་བསྡུའི་ཁ་གསབ་དངུལ་དང་། རྨོ་ཞིང་བཟུང་བར་ཁ་གསབ་དངུལ་སྤྲོད་པའི་ཐད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་གཅིག་མཚུངས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་མུ་མཐུད་འཛུགས་སྐྲུན་གྱི་ལེ་ལག་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་མགྱོགས་སུ་གཏོང་བ་དང་། དེང་རབས་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིང་ཁའི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འབྲུ་རིགས་ལོ་ལེགས་ཀྱི་ཚན་རྩལ་ལས་གྲྭ་དང་བ་ཚྭ་ཅན་གྱི་ས་ཞིང་སྒྱུར་བཀོད་ཀྱི་ཚན་རྩལ་དཔེ་སྟོན་ལག་ལེན་བསྟར་དགོས། འབྲུ་རིགས་ཐོན་མཐོ་གཏོད་འཛུགས་དང་ལྗང་མདོག་ཐོན་འཕར་དཔེ་དབྱིབས་ཀྱི་འགག་སྒྲོལ་ལ་སྐུལ་མ་གཏིང་ཟབ་གཏོང་དགོས། རྩི་ཤིང་སྲུང་སྐྱོང་གི་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་ནས་ཞིང་ནང་སྐྱེ་དངོས་ནད་དང་འབུ་གནོད་ཀྱི་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་གཅིག་གྱུར་བཅོས་སྒྲིག་བྱེད་དགོས།

    2.ཞིང་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་ཞིང་ལས་ཐོན་རྫས་གཙོ་བོའི་རང་མཁོ་རང་སྤྲོད་ཀྱི་ཆུ་ཚད་གཏན་འཁེལ་བྱས་ཏེ་ཞིང་ལས་ཐོན་ལས་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། སྣུམ་རྒྱུ་དང་། མངར་ཆ། རང་བྱུང་འགྱིག་བཅས་ཀྱི་ཐོན་སྐྱེད་ནུས་པ་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་དགོས། རྩྭ་ཕྱུགས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། སྔོ་གཟན་མ་རྨོས་ལོ་ཏོག་དང་རྩྭ་འབུ་སུ་ཧང་སོགས་གཟན་རྩྭ་འདེབས་རྒྱུར་རྒྱབ་སྐྱོར་བྱས་པ། འབྲུ་རིགས་གཟན་རྩྭར་གྱུར་པ་དང་འདེབས་གསོ་ཟུང་འབྲེལ་བྱེད་པའི་རྣམ་པ་ཚོད་ལྟ་བཅས་བྱས་ཏེ་འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ་བཅས་གཞི་རྒྱུ་གསུམ་གྱི་འདེབས་འཛུགས་གྲུབ་ཆ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཁག་གི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བཀོད་སྒྲིག་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོར་ཕྱུགས་ལས་དང་འབྲུ་རིགས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཐོན་ཡུལ་ལ་ཐོག་མའི་ལས་སྣོན་གྱི་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། སྐྱེད་ཚལ་སྐྱེ་དངོས་ཚད་ལྡན་གླིང་འཛུགས་སྐྲུན་མུ་མཐུད་བྱེད་པ་དང་། སྐྱེད་ཚལ་ཐོན་རྫས་ཀྱི་སྤུས་ཀ་དང་ཕན་འབྲས་མཐོར་གཏོང་གི་ལས་གྲྭ་ལག་ལེན་བསྟར་དགོས། ཕག་པ་དང་། བཞོན་མ། བཤས་ཕྱུགས།  བཤས་ལུག་བཅས་ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ(ཁུལ་ཆུང)འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་འདུ་འགོད་ལག་ལེན་བསྟར་བ། གཞི་ཁྱོན་ཅན་དང་། ཞིབ་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཁྱིམ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་ཕྱུགས་ལས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་དགོས། སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཆུའི་ཐོན་རྫས་སྐྱོན་བྲལ་ངང་གསོ་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་ལྡན་རྫིང་བུ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱང་རིང་རྒྱ་མཚོ་ཆེན་པོའི་ཉ་གྲུ་གསར་བརྗེས་དང་སྒྱུར་བཀོད་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། ཉ་ལས་དང་ཉ་འཛིན་གྲུ་ཁ་སོགས་ཉ་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

    3.ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྫོང་དང་ཤང་གི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།  ཞིང་ལས་ཐོན་ཟོག་ལ་དོ་དམ་ནན་དུ་བཏང་ནས་ཞིང་ལས་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།  ཞིང་ཞོར་ཐོན་ཟོག་གལ་ཆེན་གྱི་ཐོན་སྐྱེད་རྟེན་གཞི་དང་སྡེབ་ཚོང་ཁྲོམ་རའི་སྤུས་ཚད་དང་བདེ་འཇགས་ཞིབ་བཤེར་ཚད་ལེན་བཅས་ཀྱི་འགྲོ་གྲོན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས། བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་དང་མཉམ་འབྲེལ་མཉམ་སྤྱོད་ཀྱི་ཞིང་ཞོར་ཐོན་ཟོག་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཀྱི་ཆ་འཕྲིན་སྟེགས་བུ་འཛུགས་དགོས། ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་དང་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་བཏོད་པའི་བྱེད་སྒོ་སྤེལ་དགོས། མིང་གྲགས་ལེགས་བཅས་ཀྱི་ཞིང་ཞོར་ཐོན་ཟོག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲགས་ཅན་སྤུས་རྟགས་སྐྱེད་སྲིང་བྱེད་དགོས།  བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་གནས་སྲིད་གཞུང་གི་ཁྲིམས་གཏན་གྱི་འགན་འཁྲི་ཆེ་རུ་གཏོང་དགོས། ཕྱིའི་གནོད་ཡོད་སྐྱེ་དངོས་ལ་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ནགས་ལས་རིགས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།  ཐོན་སྐྱེད་གཉེར་སྐྱོང་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡག་པོ་བྱས་ནས་རིགས་ཁག་གི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་དེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་དགོས།

    4.ཞིང་ལས་ཚན་རྩལ་གསར་གཏོད་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།  ཞིང་ལས་ཚན་རྩལ་གྱི་གསར་གཏོད་ལྕག་སྐུལ་ལམ་སྲོལ་བཙུགས་ནས་ཚན་ཞིབ་ཁང་སུའོ་དང་མཐོ་སློབ་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་དབར་སྤེལ་རེས་དང་ལས་འགན་གཅིག་ལྕོགས་འཁུར་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཚན་ཞིབ་གྲུབ་འབྲས་སྤྱོད་པ་དང་། ཐག་གཅོད། ཕན་འབྲས་དོ་དམ་བཅས་དང་ཚན་རྩལ་མི་སྣའི་མ་རྐང་དབང་ཆའི་ལྕག་སྐུལ་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་བཏང་སྟེ་ཚན་རྩལ་མི་སྣའི་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཚན་རྩལ་གྱི་འཆར་འགོད་དང་།  འཆར་གཞི།  ཚན་རྩལ་ཐོན་ཁུངས་བཅས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཚན་ཞིབ་ཡོ་ཆས་ཆེ་གྲས་སྤྱི་ཚོགས་སུ་སྒོ་མོ་འབྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  ཁེ་ལས་སུ་ཞིང་ལས་ཚན་རྩལ་ཞིབ་སྤེལ་གྱི་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དེ་ཉིད་ལག་རྩལ་གསར་གཏོད་དང་ཉེར་སྤྱོད་ཀྱི་གཙོ་གཟུགས་སུ་འགྱུར་བ་བྱེད་དགོས།   ཞིང་ལས་ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་བཏང་ནས་སྐྱེ་དངོས་གསོ་འདེབས་དང་།  རིག་ནུས་ཞིང་ལས།  ཞིང་འཕྲུལ་ཡོ་ཆས།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་མཐུན་སྦྱོར་གསར་གཏོད་མནའ་འབྲེལ་བཙུགས་ནས་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་བརྟེན་ཏེ་ཞིང་ལས་ཚན་རྩལ་གྱི་མ་རྩ་མཉམ་འཇོག་དང་།  ཆ་འཕྲིན།  སྤུས་རྟགས་བཅས་ཞབས་ཞུའི་སྟེགས་བུར་བརྟེན་དགོས། ཞིང་ལས་ཚན་རྩལ་གྲུབ་འབྲས་ཀྱི་ཉོ་ཚོང་ལྟེ་གནས་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཚན་ཞིབ་གྲུབ་འབྲས་སྒྱུར་བའི་ཁྲོད་ཀྱི་ཚན་ཞིབ་ཁང་སུའོ་དང་།  མཐོ་སློབ།  གྲོང་གསེབ་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང་།  ལས་རིགས་སློབ་གླིང་།  ཚན་རྩལ་ཆེད་མངགས་པའི་དཔུང་ཁག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།   འདེབས་ལས་ཚན་ཞིབ་གྲུབ་འབྲས་དབང་ཆའི་བགོ་བཤའི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་ཧུར་ཐག་བཏང་ནས་གྲུབ་འབྲས་མི་ཚང་མས་ལོངས་སུ་སྤྱོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།   ས་བོན་འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས་ཧའེ་ནན་དང་།  ཀན་སུའུ།  སི་ཁྲོན་བཅས་ཀྱི་རྒྱལ་ཁབ་རིམ་པའི་སོན་གསོའི་ལམ་ལུགས་ཀྱི་སོན་འདེབས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།  ཞིང་ལས་ཀྱི་འགྱིན་སྒྱུར་བའི་སྐྱེ་དངོས་ལག་རྩལ་ཞིབ་འཇུག་དང་།  བདེ་འཇགས་དོ་དམ།  ཚན་རིག་ཁྱབ་གདལ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཞིང་འཕྲུལ་དང་།  རྫས་ལུད།  ཞིང་སྨན་བཅས་ཀྱི་ཁེ་ལས་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས།

    5.ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་བྱེད་ཐབས་གསར་གཏོད་བྱེད་དགོས། རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་མ་ལག་རིགས་སྒྱུར་རིམ་སྤོར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། སྒྲིག་བཀོད་འཛུགས་སྐྲུན་དང་ལྷན་སྦྱར་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཉོ་ཚོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་གི་རྐང་འཛིན་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ཞིང་ཞོར་ཐོན་ཟོག་མཛོད་ཁང་དང་ཟོག་འགྲེམས་སྒྲིག་ཆས་གལ་ཆེན་བསྐྲུན་ཤུགས་ཆེ་རུ་གཏོང་དགོས།  རྒྱ་མ་དུང་ཕྱུར་སྟོང་ཟིན་པའི་འབྲུ་རིགས་མཛོད་ཁང་བསྐྲུན་རྒྱུ་མགྱོགས་སུ་བཏང་སྟེ་ཀྲུང་དབྱང་དང་ས་གནས་ཀྱི་འགན་འཁྲི་ཁག་བགོས་ལས་དོན་ཁ་གསལ་གྱི་འབྲུ་རིགས་གསོག་འཇོག་ལམ་སྲོལ་མགྱོགས་མྱུར་ཆགས་པ་བྱས་ཏེ་འབྲུ་རིགས་གསོག་འཇོག་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས།  ཞིང་དུད་ཚན་རིག་འབྲུ་གསོག་འདུ་འགོད་མུ་མཐུད་ལག་བསྟར་བྱེད་དགོས།  ཞིང་ལས་ཐོན་ཟོག་གི་ཐོན་སྐྱེད་རྟེན་གཞིའི་ཁྲོམ་རའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ལས་བརྒལ་བའི་སྦྲེལ་ཐག་ཟོག་འགྲེམས་མ་ལག་མགྱོགས་མྱུར་བཏོད་དེ་སྤྱི་ཕན་ཞིང་ཞོར་ཐོན་ཟོག་གི་སྡེབ་ཚོང་ཁྲོམ་ར་བསྐྲུན་རྒྱུའི་ཚོད་ལྟའི་ལས་དོན་མུ་མཐུད་སྤེལ་དགོས། མཉམ་ལས་ཁང་དེ་སྒོ་རྩིས་ཚོང་ཁང་དང་།  སློབ་གྲྭ། ཁེ་ལས། སྡེ་ཁུལ་བཅས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  ཞིང་ཞོར་ཐོན་ཟོག་གི་འཁོར་སྐྱོད་ནང་གླ་རིན་གང་བྱུང་བསྡུ་བའི་གནད་དོན་གཙང་སེལ་དང་བཅོས་སྒྲིག་བྱེད་དགོས།   ཞིང་ཞོར་ཐོན་ཟོག་གི་ཉོ་ཚོང་འཕེལ་རྒྱས་བཏང་ནས་ཞིང་ཞོར་ཐོན་ཟོག་ཉོ་ཚོང་གི་སྣ་ཁ་གསར་པ་གསར་སྤེལ་བྱེད་དགོས།   གློག་རྡུལ་དང་།  ཟོག་འགྲེམས།  ཚོང་དོན།  དངུལ་རྩ་སོགས་ཁེ་ལས་ཞིང་འབྲེལ་གྱི་གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་རྒྱུའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས།   གློག་རྡུལ་ཚོང་དོན་གྱི་ལས་དོན་དེ་གྲོང་གསེབ་ཕྱོགས་བསྡུས་དཔེ་སྟོན་ནང་འཇོག་དགོས།

    6.ཞིང་ལས་སྣོད་བཅུད་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཞིང་ལས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་གི་སྤྱིའི་འཆར་འགོད་དང་ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཆར་བཀོད་ལག་བསྟར་བྱེད་དགོས། ཞིང་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ས་དཔྱད་ལུད་སྦྱོར་གྱི་ལས་དོན་ཤུགས་ཆེན་སྤེལ་བ་དང་སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་དང་། དུག་ཤེད་ཆུང་བ་དང་། ལུད་རོ་ཉུང་བའི་ཞིང་སྨན་ཁྱབ་གདལ་ཤུགས་ཆེན་གཏོང་བ། སོག་མ་དང་ཕྱུགས་རིགས་དང་ཁྱིམ་བྱའི་བྲུན་སོགས་ཀྱི་ཐོན་ཁུངས་སྤྱོད་རྒྱུ་དང་ཞིང་ནང་གི་འགྱིག་ཤོག་སྙིགས་རོ་ཏོ་བསྡུ་བའི་ས་ཁོངས་རང་བཞིན་གྱི་དཔེ་མཚོན་ལས་དོན་སྤེལ་ཏེ་གཏན་འབེབས་བཞིན་འབྲེལ་ཡོད་ཀྱི་ནོར་སྲིད་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།  སྒོ་ཕྱུགས་དང་ཁྱིམ་བྱའི་གཞི་ཁྱོན་གསོ་ཚགས་ཀྱི་ཁོར་ཡུག་གདེང་འཇོག་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཞིང་ལས་འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།  རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་ནུབ་བྱང་ཐན་ཁུལ་གྱི་ཞིང་འབྲོག་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་། ས་མ་འབྲོག་འབྲེལ་མཚམས་ཁུལ་དུ་རྨོ་ལོག་རྩྭ་ཐང་བཅོས་སྒྲིག་དང་བྱང་ཤར་ས་ཁུལ་དུ་ས་ཆ་སྲུང་སྐྱོང་བཅས་ཀྱི་ལས་དོན་སྤེལ་དགོས།  ཆུ་དང་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་དགོས། འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་ལམ་ལུགས་དང་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་ཀྱི་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།  ཆུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཆུ་གྲོན་ཆུང་ཐོག་ནས་ཞིང་ཆུ་འདྲེན་པའི་བྱེད་ཐབས་ལག་བསྟར་བྱེད་དགོས། ཆུ་སྦགས་བཙོག་འགོག་བཅོས་དང་ཆུའི་སྣོད་བཅུད་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་ནས་ལྕི་བའི་ལྕགས་རིགས་ཀྱིས་རྨོ་ཞིང་ལ་སྦགས་བཙོག་བཟོས་པ་སླར་གསོ་དང་། ས་འོག་ཆུ་ཚད་མེད་འདོན་རྒྱུར་ཕྱོགས་བསྡུས་བཅོས་སྒྲིག། རྨོ་བསྐྱུར་བརླན་གསོའི་ཚོད་ལྟ་ཁུལ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཆུ་མགོ་གཙོ་གནད་ཁུལ་གྱི་སྣོད་བཅུད་གཙང་བཟོའི་ཆུ་ཕྲན་འབབ་རྒྱུད་སོགས་ཀྱི་ས་ཆུ་སྲུང་འཛིན་གྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ནགས་ལས་སྣོད་བཅུད་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ནགས་གསོའི་འདུ་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་གཏོང་དགོས།  པེ་ཅིང་དང་།  ཐེན་ཅིན། ཧོ་པེ་བཅས་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད། འབྲི་ཆུའི་དཔལ་འབྱོར་ཁུལ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གནས་ཚུལ་མཐིལ་རྟོགས་དང་།  འཆར་འགོད་ཡག་པོ།  མ་དངུལ་མང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ཀྱི་ཁ་གསབ་རོགས་དངུལ་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་དགོས། རང་བྱུང་ནགས་ཚལ་མུ་མཐུད་གཅོད་མཚམས་འཇོག་དགོས། འདམ་རའི་སྣོད་བཅུད་ཕན་འབྲས་ཀྱི་སྐྱིན་གསབ་དང་། འདམ་ར་སྲུང་སྐྱོང་བྱ་དགའི་ཚོད་ལྟ་ཁུལ། བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོང་ཁུལ་བཅས་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་དགོས།   རྨོ་བསྐྱུར་རྩྭ་གསོ་དང་། འབྲོག་ཁུལ་དུ་གནོད་འཚེ་འགོག་པ། གནོད་འཚེ་ཉུང་དུ་གཏོང་བ།  ལྷོ་ཕྱོགས་ཀྱི་རྩྭ་ས་གསར་སྤེལ་བེད་སྤྱོད་སོགས་ཀྱི་ལས་དོན་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས། ཞིང་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཁྲིམས་ལྟར་དང་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    7.རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་སྤྱི་འདོམས་ངང་སྤྱོད་པའི་ནུས་པ་ཆེ་རུ་གཏོང་དགོས། ཞིང་ཞོར་ཐོན་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་ཆའི་ཞིང་ཞོར་ཐོན་ཟོག་ཕྱིར་གཏོང་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཞིང་ཞོར་ཐོན་ཟོག་ནང་འདྲེན་གྱི་གཞི་ཁྱོན་དང་གོམ་སྟབས་སྟངས་འཛིན་ཡག་པོ་བྱེད་དགོས། འབྲུ་རིགས་དང་། སྲིང་བལ། མངར་ཆ་སོགས་ཞིང་ཞོར་ཐོན་ཟོག་གལ་ཆེན་ཕྱིར་གཏོང་ནང་འདྲེན་དང་འགག་སྒོའི་ཁྲལ་གྱི་གྲངས་འབོར་དོ་དམ་འཐུས་ཚང་དུ་བཏང་སྟེ་སྲིང་བལ་ཁྲལ་གྱི་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། ཞིང་ཞོར་ཐོན་ཟོག་ལྐོག་ཚོང་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། མཐའ་མིའི་ཚོང་འབྲེལ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ཞོར་ཐོན་ཟོག་ཚོང་དོན་གྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱིའི་འགྲན་རྩོད་ལྡན་པའི་ཞིང་ལས་ཁེ་ལས་ཚོགས་པ་སྐྱེད་སྲིང་བྱེད་དགོས། ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་པུའི་མཉམ་འབྲེལ་འདུ་ཚོགས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་འཆར་གཞི་བཟོ་རྒྱུར་དམ་འཛིན་བྱེད་དགོས། ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་ཞོར་ཐོན་ཟོག་ལས་སྣོན་དང་། གསོག་འདྲེན། ཚོང་དོན་སོགས་ཀྱི་ལྷུ་ཚིགས་མཉམ་ལས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་ས་ཁོངས་སྤྱིའི་ཞིང་ལས་མཉམ་ལས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཚན་རྩལ་དཔེ་སྟོན་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལག་རྩལ་གསོ་སྐྱོང་དང་། ཚན་ཞིབ་གྲུབ་འབྲས་ཀྱི་དཔེ་སྟོན། སྤུས་དག་ཁྱབ་གདལ་སོགས་ཀྱི་ཞབས་ཞུ་སྤེལ་དགོས། ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་མ་འཇོག་དང་། ནོར་ཁྲལ། དངུལ་རྩ་འགན་བཅོལ། ཚོང་དོན། འགག་སྒོ། ཞིབ་དཔྱད་རིམས་བཤེར་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་མངའ་ཁོངས་ཕྱིར་ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་ཞིང་སྤྱོད་སྒྲིག་ཆས་དང་། ཞིང་ལས་ཐོན་ཟོག་ཕྱིར་གཏོང་བཅས་ལ་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། རིགས་ཁག་གི་ཚོང་ཚོགས་རྩ་འཛུགས་ཀྱི་ཆ་འཕྲིན་ཞབས་ཞུ་དང་། བཅའ་ཁྲིམས་ཇུས་འདྲི། རྩོད་གཞི་འདུམ་འགྲིག་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    གཉིས། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཞིང་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཀྲུང་གོ་ཕྱུག་པོ་ཆགས་པ་བྱེད་དགོས་ན། ཞིང་པ་ངེས་པར་དུ་ཕྱུག་པོ་ཆགས་པ་བྱེད་དགོས། ཕྱུག་པོ་ཆགས་པའི་ཞིང་པས་ངེས་པར་དུ་ཞིང་ལས་ནང་ངོས་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་།  གྲོང་གསེབ་ཀྱི་ཐོན་ལས་གཉིས་པ་དང་གསུམ་པའི་འབབ་འཕར་གྱི་བར་ཁམས་གསར་སྤེལ་བྱེད་པ།  གྲོང་གསེབ་ཀྱི་ཕྱིའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ།  སྲིད་ཇུས་ཐོག་ནས་ཞིང་ལས་ལ་རོགས་རམ་དང་འབབ་འཕར་ཡོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ནམ་གསར་པའི་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་མུ་མཐུད་ཆུང་དུ་འགྲོ་བའི་དུས་བབ་རྒྱུན་འཁྱོངས་བྱེད་དགོས།

    8.ཞིང་ལས་དང་གྲོང་གསེབ་ཀྱི་གཏོང་ཆ་སྔོན་ལ་འགན་ལེན་བྱེད་དགོས།  ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བའི་འགན་འཁྲི་གསལ་པོ་བཟོ་དགོས།  ཞིང་ལས་དང་གྲོང་གསེབ་དེ་རིམ་ཁག་ནོར་སྲིད་ཀྱི་འགྲོ་གྲོན་སྔོན་ལ་འགན་ལེན་བྱེད་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གཏོང་ཆ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་འཛུགས་མགྱོགས་སུ་གཏོང་བ་དང་། ནོར་སྲིད་ཀྱིས་ཞིང་ལས་དང་གྲོང་གསེབ་ལ་གཏོང་བའི་གཏོང་ཆ་རྒྱུན་སྲིང་ངང་མང་དུ་གཏོང་བ་དང་། ཀྲུང་དབྱང་གི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་མུ་མཐུད་ཞིང་ལས་དང་གྲོང་གསེབ་ལ་གཟིགས་སྐྱོང་བྱེད་དགོས།  ནོར་སྲིད་ཀྱི་ཞིང་སྐྱོར་འགྲོ་གྲོན་གྱི་གྲུབ་ཆ་ལེགས་སུ་བཏང་ནས་ཞིང་པའི་འབབ་འཕར་དང་།  གྲོང་གསེབ་ཀྱི་སྒྱུར་བཅོས་གལ་ཆེན།  ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག  ཞིང་ལས་རྒྱུན་བསྲིང་འཕེལ་རྒྱས།  གྲོང་གསེབ་ཀྱི་དམངས་འཚོ་ལེགས་གཏོང་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས།  གཏོང་ཆ་གཏོང་སྟངས་བརྗེ་སྒྱུར་དང་ཞིང་འབྲེལ་མ་དངུལ་འཁོར་སྐྱོད་ལམ་སྲོལ་གསར་གཏོད་བྱས་ཏེ་ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་དང་འདེགས་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  ཞིང་འབྲེལ་གཞན་འགྱུར་གྱི་གཏོང་སྤྲོད་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་ཞིབ་བཤེར་མཆན་འགོད་ཀྱི་དབང་ཚད་གཤམ་སྤྲོད་བྱས་ཏེ་ནོར་སྲིད་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་གཏོང་ཆ་ནུས་ལྡན་ངང་བསྡུ་སྒྲིལ་བྱེད་དགོས།  ཞིང་འབྲེལ་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཚད་ལྡན་དང་ཕྱི་གསལ་ནང་གསལ་གྱི་དོ་དམ་ལམ་ལུགས་བཙུགས་ཏེ་རྣམ་པ་གང་རུང་གི་ཟུར་འཐེན་འཐེན་སྤྱོད་དང་།  རིམ་པ་བཞིན་འཕྲི་འཐེན།   རྫུན་ཞུ་གཡོ་ལེན་བཅས་བཀག་འགོག་བྱས་ནས་མ་དངུལ་བེད་སྤྱོད་ལ་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས། 

    9.ཞིང་ལས་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་ཀྱི་ནུས་པ་མཐོ་རུ་གཏོང་དགོས།  ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་རྒྱལ་ཡོངས་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་དེ་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།   ཞིང་ལས་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱས་ནས“ལྗང་སྒམ”གྱི་རྒྱབ་སྐྱོར་སྲིད་ཇུས་ལག་ལེན་བསྟར་བའི་གཞི་ཁྱོན་དང་ཁྱབ་ཁོངས་ཆེ་རུ་གཏོང་བ་དང“སེར་སྒམ”གྱི་རྒྱབ་སྐྱོར་སྲིད་ཇུས་ལེགས་སྒྲིག་དང་ལེགས་སུ་བཏང་ནས་སྲིད་ཇུས་ཀྱི་ཞིང་ཕན་འབབ་འཕར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  འབྲུ་རིགས་འདེབས་མཁན་ཞིང་པའི་ཐད་ཀའི་ཁ་གསབ་རོགས་དངུལ་དང་།  སོན་བཟང་གི་ཁ་གསབ་རོགས་དངུལ།  ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ།  ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཀྱི་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས།  ས་ཆ་ཁ་ཤས་བདམས་ནས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱས་ཏེ་ཁ་གསབ་རོགས་དངུལ་གྱི་ཁྲིད་སྟོན་རང་བཞིན་དང་ནུས་པ་མཐོ་རུ་གཏོང་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཐོན་ཁུལ་གཙོ་བོ་དང་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པར་གཟིགས་སྐྱོང་བྱེད་པ་དང་། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་པའི་སྒྲིག་བཀོད་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་གྱི་ཁྱབ་ཁོངས་ཆེ་རུ་གཏོང་དགོས།  ཞིང་ལས་ཐོན་སྐྱེད་ཀྱི་གཙོ་གནད་ལག་རྩལ་བྱ་ཐབས་ཁྱབ་གདལ་གཏོང་བའི་རོགས་དངུལ་གྱི་སྲིད་ཇུས་ལག་ལེན་བསྟར་དགོས།  འབྲུ་སྣུམ་ཐོན་སྐྱེད་ཀྱི་རྫོང་ཆེན་དང་།  འབྲུ་རིགས་སྐྱེ་དངོས་འདེགས་འཛུགས་ཀྱི་རྫོང་ཆེན།  ཕག་པ་འདྲེན་གཏོང་གི་རྫོང་ཆེན།  བ་གླང་དང་ར་ལུག་གསོ་ཚགས་ཀྱི་རྫོང་ཆེན་བཅས་ཀྱི་ནོར་སྲིད་བྱ་དགའ་སྤྲོད་པའི་རོགས་དངུལ་གྱི་སྲིད་ཇུས་ལག་ལེན་བསྟར་དགོས།  དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་བྱ་དགའ་དང་རོགས་དངུལ་སྤྲོད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས།  འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་གྱི་སྐྱིན་གསབ་དང་།  རྨོ་ཞིང་སྲུང་སྐྱོང་གི་སྐྱིན་གསབ།  སྣོད་བཅུད་སྐྱིན་གསབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 

    10..ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་ཞིང་ལས་ཐོན་རྫས་རིན་གོང་གི་ལུགས་མཐུན་ཆུ་ཚད་མཐའ་འཁྱོངས་བྱེད་དགོས། འབྲས་དང་གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཞིང་ལས་ཐོན་རྫས་གཙོ་བོའི་གནས་སྐབས་ཀྱི་གསོག་ཉར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཤིན་ཅང་གི་སྲིང་བལ་དང་བྱང་ཤར་ནང་སོག་གི་སྲན་ཆེན་གྱི་དམིགས་ཚད་རིན་གོང་སྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཁ་གསབ་སྤྲོད་པའི་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་བཀོལ་སྤྱོད་མ་གནས་ཆུང་དུ་བཏང་ནས་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་གྲངས་ཚང་ངང་ཞིང་དུད་ལ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་འགན་བཅོལ་ཚོད་ལྟ་ཧུར་ཐག་བྱེད་དགོས། འབྲུ་རིགས་དང་། སྲིང་བལ། མངར་ཆ། ཤ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་གསོག་འཇོག་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རྒྱལ་ཁབ་འབྲུ་རིགས་གསོག་འཇོག་དང་འདོན་འཇུག་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གསོག་འཇོག་བྱས་པའི་འབྲུ་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གསར་སྣོན་བྱས་པའི་ས་ཆའི་འབྲུ་རིགས་གསོག་འཇོག་གི་གཞི་ཁྱོན་འཆར་འགོད་དོན་འཁྱོལ་བྱས་ཏེ་ཚོང་ཟོག་དང་ཚོང་དོན་གཙོ་བོའི་ཁེ་ལས་ཀྱི་ཚབ་གསོག་ལམ་ལུགས་འཛུགས་པ་དང་མངར་ཆ་བཟོ་མཁན་ཁེ་ལས་ཀྱི་ཚབ་གསོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་ཏེ་འདེབས་འཛུགས་གཞི་ཁྱོན་དང་ཐོན་ཚད་བསྡོམས་རྩིས་ཀྱི་བརྟག་དཔྱད་འཐུས་ཚང་དུ་བཏང་ནས་མ་གནས་དང་རིན་གོང་གི་ལྟ་ཞིབ་ཚད་ལེན་བྱ་ཐབས་ལེགས་སུ་གཏོང་དགོས།

    11.ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་ཞིང་ལས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཞིང་པར་མ་གནས་དམའ་རུ་གཏོང་བ་དང་ཉེན་ཁ་ཚོད་འཛིན་བྱེད་རོགས་བྱེད་དགོས། ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལམ་སྲོལ་གསར་གཏོད་ཚོད་ལྟར་དམ་འཛིན་ཡག་པོ་བྱས་ནས་ཞིང་དུད་ལ་ཚབ་རྨོ་ཚབ་བསྡུ་དང་། མཉམ་འགོག་མཉམ་བཅོས། སྲོ་སྐམ་གསོག་ཉར་སོགས་ཀྱི་ཞབས་འདེགས་ཞུ་མཁན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་སྒྲིག་གཞི་བརྟན་དུ་དང་ཤུགས་སྣོན་བརྒྱབ་ནས་གྲོན་དངུལ་འགན་ལེན་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་ཁྲོད་གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འབྲུ་རིགས་སྐྱེ་དངོས་གཙོ་བོའི་འགན་བཅོལ་གྱི་འགན་ལེན་ཁ་གསབ་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་སྐྱེ་དངོས་གཙོ་བོའི་ས་བོན་བཟང་སྒྱུར་འགན་བཅོལ་དེ་ཀྲུང་དབྱང་ནོར་སྲིད་ཀྱི་འགན་ལེན་ཁ་གསབ་དངུལ་གྱི་མིང་ཐོའི་ནང་འཇུག་དགོས། ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་ཀྱི་འགན་བཅོལ་རིགས་ཀྱི་འགན་བཅོལ་དངུལ་ལེན་རྒྱུ་དེ་ཐད་ཀར་ཅ་དངོས་མ་གནས་ལ་འགྱུར་རྒྱུར་ཁྱབ་པ་བྱེད་དགོས། ས་གནས་ཀྱི་ཁྱད་ལྡན་ལེགས་ཆ་ལྡན་པའི་ཞིང་ལས་ཐོན་རྫས་འགན་བཅོལ་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་དངུལ་བྱ་དགར་སྒྱུར་བའི་སྲིད་ཇུས་ཞིབ་འཇུག་བྱས་ནས་མགྱོགས་མྱུར་འདོན་དགོས། ནགས་ཚལ་གྱི་འགན་བཅོལ་ཁྱབ་ཁྱོན་ཆེ་རུ་གཏོང་དགོས། སྦྲག་སྲིད་ཁོངས་གཏོགས་ཀྱིས་སྔར་བས་ལེགས་པའི་ངང“ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་གསར་གཏོད་བྱས་ནས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་དང་མཉམ་འདྲེས་ཐུབ་པ་བྱེད་དགོས།

    12.གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་ཞིང་ལས་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་ཞིང་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་ཤང(རྫོང)གཅིག་ལ་ལས་རིགས་གཅིག་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཞིང་པ་ལས་ཞུགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཞིང་ལས་ཀྱི་སྣ་མང་ནུས་པ་གསར་སྤེལ་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་སྣོད་བཅུད་སྤྲོ་གསེང་དང་། ཡུལ་སྐོར་ལྟ་སྐོར། རིག་གནས་སློབ་གསོ་བཅས་ཀྱི་རིན་ཐང་སྔོག་འདོན་བྱེད་དགོས། ལོ་རྒྱུས་དང་། ས་ཁོངས། མི་རིགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཡུལ་སྐོར་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་བསྐྲུན་ནས་སྣ་མང་དང་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཐོན་རྫས་གཏོད་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དྲ་ཐོག་དང་བརྙན་འཕྲིན་དང་ངོ་ཐུག་གདོང་འཕྲད་ངང་གཉེར་འཚོང་བྱེད་ནུས་ཆེ་རུ་བཏང་སྟེ་དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ས་སྤྱོད་དང་། ནོར་སྲིད། དངུལ་རྩ་སོགས་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རྒྱུའི་ཐོན་ཁུངས་འཕེལ་བར་བྱས་ནས་ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་བ་བྱེད་དགོས།

    13.གྲོང་གསེབ་ཕྱི་རོལ་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་ཞིང་པ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལས་གཏོད་ཐུབ་པ་བྱེད་དགོས། ཞིང་པའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་དགོས། ལས་འདྲ་ཐོབ་འདྲའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲིམས་ལྟར་ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆའི་ཁེ་དབང་འགན་ལེན་གྱིས་ཞིང་པ་ལས་མིའི་གླ་ཆ་རྒྱུན་གཏན་བཞིན་སྤྲོད་ཐུབ་པ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། གྲོང་ཁྱེར་དུ་ལས་ཀར་ཡོང་མཁན་ཞིང་པ་ལས་མི་དང་ཁོང་ཚོ་དང་མཉམ་དུ་ཡོང་མཁན་ནང་མིས་འདྲ་མཉམ་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ཞིང་པ་ལས་མིར་ཁྱབ་ཁྱོན་ཆེ་རུ་གཏོང་བ་དང་། ཞིང་པ་ལས་མིའི་ལས་རིགས་ནད་གཞི་འགོག་བཅོས་དང་རོགས་སྐྱོར་བྱ་སྤྱོད་ཡག་པོ་སྤེལ་བ། ཞིང་པ་ལས་མི་དང་མཉམ་དུ་ཡོང་བའི་བུ་ཕྲུག་ཚོས་ས་གནས་དེ་གར་འོས་འགན་སློབ་གསོ་དང་ལེན་དང་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་པའི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཞིང་པ་ལས་མིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ལོངས་སྤྱོད་ཐུབ་པ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་བཟོ་དགོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་མགྱོགས་སུ་བཏང་ནས་གནས་སྡོད་ལག་ཁྱེར་ལམ་ལུགས་བཟོས་ཏེ་ཞིང་ལས་གཞན་སྒྱུར་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པ་དང་འབྲེལ་ས་གནས་དེ་གའི་ཡུལ་མི་དང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སྤྱོད་ཐུབ་པ་བྱེད་དགོས། ད་ཆའི་དུས་མཚམས་སུ་ཞིང་པ་གྲོང་ཁྱེར་དུ་གཞིས་ཆགས་རྒྱུ་དེ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་དང་། ཁང་ས་བེད་སྤྱོད་བྱེད་དབང་། མཉམ་སྡེབ་ཡོང་འབབ་བགོ་བཤའ་རྒྱག་དབང་བཅས་དང་ཟུང་འབྲེལ་བྱེད་མི་རུང་། རྩལ་ནུས་དང་། ཐོན་ཁུངས། དོ་དམ་ཉམས་མྱོང་བཅས་ལྡན་པའི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་གྱིས་གནས་གཏན་འཁེལ་གྱི་དཔྱ་ཁྲལ་ཆག་ཡང་དང་ཡོངས་ཁྱབ་རང་བཞིན་གྱི་གྲོན་དངུལ་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལས་གཏོད་ཀྱི་མ་གནས་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་གྲས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་ནས་ཞིང་པ་ཉེ་ཁུལ་དུ་ལས་ཞུགས་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་དགོས།

    14.གྲོང་གསེབ་ཏུ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་པའི་ཡོང་འབབ་འཕར་བ་བྱེད་པར་ངེས་པར་དུ་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་མགྱོགས་སུ་གཏོང་དགོས། གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་ལ་དབུལ་བའི་ས་ཁུལ་གཙོ་གནད་དུ་བྱས་ནས་མ་དངུལ་གཏོང་ཤུགས་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཡུག་ཁུལ་གྱི་འཆར་འགོད་ལག་ལེན་བསྟར་མགྱོགས་སུ་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། གནད་ལ་འཁེལ་བའི་ངང་དབུལ་སྐྱོར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་བྱ་ཐབས་བཟོ་བ་དང་དོན་འཁྱོལ་བྱེད་དགོས། གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་ས་སྤྱོད་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ། ཡུལ་མི་གནས་སྤོ། གྲོང་གསེབ་གི་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་དགོས། དབུལ་སྐྱོར་རྣམ་གྲངས་ལ་ཞིབ་མཆན་འགོད་དབང་ཐད་རྩ་དོན་ཐོག་རྫོང་ལ་གཤམ་སྤྲོད་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས། སྤྱི་བསྒྲགས་ཡོངས་བསྒྲགས་ཀྱི་ལམ་ལུགས་བཟོས་ནས་དབུལ་སྐྱོར་བྱ་ཡུལ་དང་། མ་དངུལ་བཀོད་སྒྲིག རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཡོངས་བསྒྲགས་བྱེད་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་རྩ་འཛུགས་སྐུལ་སློང་ལམ་སྲོལ་བཙུགས་ནས་སྤྱི་ཚོགས་ཀྱི་དབུལ་སྐྱོར་གསར་སྤེལ་ནང་ཞུགས་པའི་སྟེགས་བུ་བསྐྲུན་དགོས། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་ཕོངས་ལ་ལྟ་དཔྱད་ཚད་ལེན་བྱ་ཤུགས་ཆེ་རུ་བཏང་ནས་རྫོང་དབུལ་པོའི་རྟོག་ཞིབ་དང་། གཅུན་འདོམས། ཕྱིར་འཐེན་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱིས་རྒྱུན་ཆད་མེད་པར་དབུལ་སྐྱོར་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    གསུམ། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་རྒྱུར་དམིགས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས།

    ཀྲུང་གོ་མཛེས་སྡུག་ལྡན་པ་ཡོང་བ་བྱེད་པར་གྲོང་གསེབ་ངེས་པར་དུ་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འཆར་འགོད་ལ་བརྟེན་ནས་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དེ་ཉིད་ཞིང་པ་བདེ་སྡོད་ལས་བརྩོན་ཐུབ་པའི་མཛེས་སྡུག་ལྡན་པའི་ཕ་ཡུལ་དུ་འགྱུར་བ་བྱེད་དགོས།

    15.གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི”གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་འདུ་འགོད་ཀྱི་འཆར་འགོད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་རྒྱུར་འགན་ལེན་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་ལྕགས་མདོང་དེ་གྲོང་གསེབ་ཏུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་འདུ་འགོད་མུ་མཐུད་ལག་ལེན་བསྟར་ནས་ཡུལ་བབ་དང་བསྟུན་ཏེ་གློག་དྲ་སྣུར་སྲིང་དང་འོད་ཤུགས་དང་། རླུང་ཤུགས་གློག ཆུ་ཤུགས་གློག་ཆུང་གྲས་སོགས་གློག་མཁོ་འདོན་བྱ་ཐབས་སྤྱད་དེ་2015ལོར་གློག་མེད་པའི་མི་འབོར་གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱེད་དགོས། ནུབ་རྒྱུད་ས་ཁུལ་དང་གཅིག་བསྡུས་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་གྱི་མ་དངུལ་གཏོང་བ་དང་ལམ་སྲོལ་གསར་གཏོད་ཐད་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་གྲོང་གསེབ་ཀྱི་སློབ་འཁོར་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གྲོང་གསེབ་ཀྱི་རྫབ་རླངས་འཛུགས་སྐྲུན་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཁང་པའི་ཡོམ་འགོག་སྒྱུར་བཀོད་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས། གྲོང་གསེབ་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་འཕྲིན་གཏོང་སོགས་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་གསེབ་ཀྱི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དྲ་ཆེན་ཁྱབ་གདལ་མགྱོགས་སུ་བཏང་ནས་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

    16..གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་སོར་འཇོག་དང་ཡག་པོ་གཉེར་བ་དང་། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་གཞུང་བཙུགས་དང་ཀུན་ཕན་རང་བཞིན་གྱི་དམངས་བཙུགས་བུ་བཅོལ་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་མུ་མཐུད་སློབ་འཕར་ཐུབ་མེད་པའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་གཙོ་གནད་དུ་བྱས་ཐོག་འབྲིང་རིམ་ལས་རིགས་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ཡོངས་ཁྱབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རིམ་བཞིན་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་མངོན་འགྱུར་ཐུབ་པ་བྱེད་དགོས། ཞིང་ལས་ལས་རིགས་སློབ་གསོ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཆེད་ལས་ཀྱི་ཞིང་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། རྨང་གཞིའི་སློབ་གསོ་དང་གྲངས་འཛིན་སློབ་གསོའི་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་གསེབ་ས་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་རྒྱ་ཆེ་རུ་གཏོང་དགོས། གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཅིག་བསྡུས་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཤང་དང་གྲོང་ཚོའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་དག་མཐའ་མཚམས་ས་ཁུལ་དང་། མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་པ་བཅས་ལ་གཟིགས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་རྒྱུན་སྲིང་མ་དངུལ་གྲབས་གསོག་ལམ་སྲོལ་གསར་པ་བཟོས་ཏེ་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་དང་མི་སྒེར་གྱིས་འཇལ་བའི་ཚད་གཞི་གོམ་སྟབས་གཅིག་མཚུངས་ངང་མཐོ་རུ་བཏང་ནས་དངོས་ཡོད་རྩིས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ནས་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ནུས་པ་དང་ཤང་དང་གྲོང་ཚོའི་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དེ་ཞིང་ཆེན་ནང་ཁུལ་གྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ཆ་འཕྲིན་མ་ལག་གསར་པ་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ལ་ཕན་པའི་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་མ་ལག་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། གཙོ་གནད་རིག་གནས་ཀྱི་དམངས་ཕན་རྣམ་གྲངས་ཀྱིས“ཞིང་གསུམ”ལ་ཞབས་ཞུ་བྱེད་པའི་ནང་དོན་རྒྱ་ཆེར་གཏོང་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་ཚད་ལྡན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐབས་འཕྲལ་གྱི་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལེགས་སུ་གཏོང་བ་དང་། གཅིག་འགྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་དང་རིག་གནས་ལུས་རྩལ་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ད་ཡོད་ཀྱི་སྒྲིག་བཀོད་དང་ཐོན་ཁུངས་བསྡུ་སྒྲིལ་དང་བཀོལ་སྤྱོད་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཕྱོགས་བསྡུས་ཀྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་བསྐྲུན་དགོས།

    17.གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྫོང་ཁོངས་གྲོང་ཚོ་དང་གྲོང་རྡལ་གྱི་མ་ལག་འཆར་འགོད་དང་གྲོང་ཚོའི་འཆར་འགོད་འཐུས་ཚང་དུ་བཏང་སྟེ་འཆར་འགོད་བྱས་པའི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། ཞིང་པའི་གནས་སྡོད་ཆ་རྐྱེན་ལེགས་སུ་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་ཡག་པོ་བཟོས་ནས་རི་ཆུ་ནགས་ཞིང་ལམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་ཁོར་ཡུག་གཅིག་བསྡུས་ཡུག་སྦྲེལ་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་ཆུ་དང་རྫིང་བུ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ཐོག་གྲོང་གསེབ་ཀྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། གྲོང་གསེབ་ཀྱི་ཆུ་སྙིགས་གཙང་བཟོ་དང་གསང་སྤྱོད་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་འཕྲོད་བསྟེན་གནས་ཚུལ་གང་མགྱོགས་ལེགས་སུ་གཏོང་དགོས། གྲོང་གསེབ་ཉེ་འདབས་ཀྱི་བཟོ་ལས་ཀྱི“སྙིགས་རོ་གསུམ”ཕྱིར་འབུད་དང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྤུངས་རྒྱུར་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་དགོས། གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་ཐད་དོན་རེར་གྲོས་རེ་བྱེད་པའི་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་འཁོར་རྒྱུག་སྲུང་སྐྱོང་ལམ་སྲོལ་གྱི་ཚོད་ལྟའི་གཞི་ཁྱོན་ཆེ་རུ་བཏང་ནས་གྲོང་ཚོའི་ནང་གི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་དང་བདག་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། སྲོལ་རྒྱུན་གྲོང་ཚོའི་མིང་བྱང་འཐུས་ཚང་དུ་གཏོང་བ་དང་སྲོལ་རྒྱུན་གྱི་མང་ཚོགས་ཀྱི་སྡོད་ཁང་ལ་ཞིབ་བཤེར་བྱས་ཏེ་སྲོལ་རྒྱུན་གྲོང་ཚོ་དང་མང་ཚོགས་ཀྱི་སྡོད་ཁང་ལ་སྲུང་སྐྱོང་བྱེད་པའི་འཆར་འགོད་དོན་འཁྱོལ་བྱེད་དགོས། ས་ཆ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཛེས་སྡུག་ལྡན་པའི་ཤང་དང་གྲོང་ཚོ་འཛུགས་སྐྲུན་གྱི་དཔེ་སྟོན་ལ་ལྕག་སྐུལ་བྱེད་པ་དང་གྲོང་ཚོ་བཅོས་སྒྲིག་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ཞིང་པའི་འདོད་འདུན་ལས་འགལ་ཐོག་གཞི་ཁྱོན་ཆེན་པོའི་ངང་གྲོང་ཚོ་ཕྱིར་འཐེན་དང་ཟླ་སྒྲིལ་གཏོང་བ་དང་བཤིག་སྤོ་དང་འཛུགས་སྐྲུན་ཆེན་པོ་བྱ་རྒྱུ་བཀག་འགོག་ཏན་ཏིག་བྱེད་དགོས།

    18.སྤྱི་ཚོགས་ཀྱི་མ་རྩ་གྲོང་གསེབ་འཛུགས་སྐྲུན་ནང་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་སྐུལ་མ་གཏོང་དགོས། སྤྱི་ཚོགས་ཀྱི་མ་རྩ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་ཏུ་རིགས་ཁག་གི་བྱ་གཞག་གསར་གཏོད་བྱེད་པའི་ནང་གཏོང་རྒྱུར་སྐུལ་མ་གཏོང་དགོས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གྲྭ་དང་རྣམ་གྲངས་ཐད་ཞབས་ཞུ་ཉོ་སྒྲུབ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཁེ་ལས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྲུན་དང་། བདག་སྐྱོང་། གཉེར་སྐྱོང་བཅས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཚོང་ལས་ཅན་གྱི་གཉེར་སྐྱོང་བྱེད་ཐུབ་པའི་གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་ཐད་སྤྱི་ཚོགས་ཀྱི་མ་རྩ་ཁྱོན་ཡོངས་ནས་སྒོ་དབྱེ་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་དཀར་ཆག་བཟོས་ཏེ་ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོ་དགོས། ཤང་གྲོང་སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་དཀར་ཆག་འཚོལ་ཞིབ་བྱས་ཏེ་བཟོས་ནས་སྤྱི་ཚོགས་ཀྱིས་གསར་སྐྲུན་བྱ་རྒྱུར་འཚམ་པའི་སྤྱི་པའི་ཞབས་ཞུ་སྤྱི་ཚོགས་རྩ་འཛུགས་ལ་འགན་ཁུར་རྒྱུར་རྩིས་སྤྲོད་བྱེད་དགོས། 

    19.གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་ཁྱད་ཆོས་ལ་དམིགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་གཞིར་བཟུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ་དང་དུས་བབ་སྲིད་ཇུས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ཞིང་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཤེས་དཔལ་ཚད་གཞི་གོང་མཐོར་བཏང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གསར་གཏོད་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྱིམ་སྲོལ་བཟང་པོ་དང་ཁྱིམ་གྱི་བསླབ་ཚིག་ཡག་པོའི་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་། མནའ་མ་ཡག་པོ་དང་། བུ་ཕྲུག་ཡག་པོ། སྒྱུག་པོ་སྒྱུག་མོ་ཡག་པོ་སོགས་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་མུ་མཐུད་སྤེལ་བ། ཤང་དང་གྲོང་ཚོའི་དགེ་རྒན་དང་། སྨན་པ། གྲོང་དཔོན་སོགས་ཡག་ཤོས་འདེམས་པའི་བྱེད་སྒོ་སྤེལ་བ་བཅས་བྱས་ཐོག་ཡར་ཐོན་དང་། དགེ་བཀུར། རྣམ་པ་བཟང་པོར་དགའ་ཞེན་བཅས་ཀྱི་དྲང་ནུས་སྟོབས་ཆེན་གཅིག་སྡུད་བྱེད་དགོས། རིག་རྩལ་ལས་དོན་པ་གྲོང་གསེབ་ཏུ་བསྐྱོད་ནས་ཡུལ་སྲོལ་གོམས་འདྲིས་ཀྱིས་ཕྱུག་པ་དང་གྲོང་གསེབ་ཀྱི་དུས་རབས་འཕོ་འགྱུར་ལ་བསྟོད་གླུ་འབུལ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཏེ་སྐྱོན་བྲལ་ཕན་ཡོད་དང་མཐོང་འདོད་ཉན་སྤྲོའི་རིག་གནས་ཞབས་ཞུ་མཁོ་འདོན་བྱེད་དགོས། གྲོང་གསེབ་ཀྱི་ཕུལ་བྱུང་རིག་གནས་གསར་རྩོམ་དང་མི་བཟང་ལས་བཟང་དར་སྤེལ་བཏང་སྟེ་གྲོང་གསེབ་གནས་ཚུལ་འབྲེལ་ཐག་ཏུ་བྱས་ནས་ཕྱོགས་ཁག་གི་མི་སྣས་ཕ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་ཚུར་འགུག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཐོག་ཤང་དང་གྲོང་ཚོའི་ཤེས་དཔལ་རྒྱུན་འཛིན་བྱེད་དགོས།

    20.གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་རྩ་འཛུགས་སྲོག་ཤིང་དུ་བྱེད་པའི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནུས་མེད་ཟོལ་ཟོབ་ཀྱི་གཞི་རིམ་རྩ་འཛུགས་དག་ཐེར་གཏིང་ཟབ་བཅས་བྱས་ནས་གྲོང་གསེབ་ཀྱི་གཞི་རིམ་ལ་སྲིད་འཛིན་པའི་ཏང་གི་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྒྲིག་འགོད་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་རྩ་འཛུགས་ཁྱབ་རྒྱ་དང་ལས་དོན་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཤང་དང་གྲོང་ཚོའི་རིམ་གཉིས་ཏང་རྩ་འཛུགས་ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་པ་སྔར་བས་འདེམས་སྤྱོད་དང་དོ་དམ་ཡག་པོ་བྱེད་དགོས།གྲོང་གསེབ་གཞི་རིམ་གྱི་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་དང་ཏང་ཡོན་གྱི་དུས་རྒྱུན་གྱི་སློབ་གསོ་དང་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་དགོས། ཏང་སྒྲིག་ཏང་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱས་ནས་ཞིང་པའི་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་གྱི་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དེ་གཞི་འཛིན་སར་བྱས་ནས་རྫོང་དང་།  ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དམངས་ཕན་ཞབས་ཞུའི་དྲ་བ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་པ་དང་ཞབས་འདེགས་ཞུས་པ་བརྒྱུད་མང་ཚོགས་ལ་ཉེ་བཅར་དང་།  མང་ཚོགས་ལ་མཐུན་སྒྲིལ།  མང་ཚོགས་སྣེ་ཁྲིད།  མང་ཚོགས་ཀྱི་སེམས་པ་ཐོབ་པ་བཅས་བྱེད་དགོས།  ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་གྲོང་ཁྱེར་དང་།  རྫོང་།  ཤང་བཅས་ཏང་ཨུད་ཀྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་ཕྱོགས་ཡོངས་ནས་དཔྱད་བསྡུར་དཔྱད་ཞིབ་བྱེད་དགོས།

    བཞི།  གྲོང་གསེབ་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་དགོས། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་གྲོང་གསེབ་ཀྱི་སྒྱུར་བཅོས་དེ་གནས་བབ་མངོན་གསལ་དོད་པོར་འཇོག་དགོས། ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་མཐོ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། ཚོད་ལྟར་དམ་འཛིན་ཡག་པོ་བྱེད་པ། རྒྱུན་ཆད་མེད་པར་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྱུར་བཅོས་ལ་ཡར་རྒྱས་ཡོད་པ་དང་སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་པ་དང་།གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས།

    21.གྲོང་གསེབ་ཀྱི་གཉེར་སྐྱོང་མ་ལག་གསར་པ་མགྱོགས་མྱུར་སྐྲུན་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་པའི་ཁྱིམ་ཚང་གི་གཉེར་སྐྱོང་གཙོ་གཟུགས་ཀྱི་གནས་བབ་མཐའ་འཁྱོངས་བྱེད་པ། ས་ཆ་གཉེར་སྐྱོང་དབང་ཆ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ས་ཆ་འཁོར་རྒྱུག་དང་གཞི་ཁྱོན་གཉེར་སྐྱོང་བྱེད་ཐབས་གསར་གཏོད་བྱེད་པ། བྱེད་ཐབས་སྣ་མང་གིས་འོས་འཚམ་གཞི་ཁྱོན་གྱི་གཉེར་སྐྱོང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་ཞིང་པ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་དགོས།གཞི་ཁྱོན་འོས་འཚམ་གྱི་ཞིང་དུད་ཞིང་ར་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱེད་པ་དང་འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་གྱི་གཉེར་སྐྱོང་གཙོ་གཟུགས་ལ་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལོ་འཁོར་གྱི་སྙན་ཞུ་དང་སྤྱི་བསྒྲགས་ལམ་ལུགས་ལག་ལེན་བསྟར་བ་བཅས་བྱས་ཏེ་དཔེ་སྟོན་མཉམ་ལས་ཁང་འཛུགས་སྐྱོང་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།  ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་དང་སྣེ་འདྲེན་ཁེ་ལས་གཞན་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་པས་ས་ཆ་གཉེར་སྐྱོང་བྱེད་དབང་ལ་བརྟེན་ནས་མ་རྐང་གི་ཐོག་ནས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ནང་ཞུགས་རྒྱུ་སྣེ་ཁྲིད་བྱེད་དགོས།  བཟོ་ཚོང་མ་རྩར་བརྟེན་ནས་ཁེ་ལས་ཅན་གྱི་གཉེར་སྐྱོང་དང་འཚམ་པའི་དེང་རབས་ཀྱི་འདེབས་གསོ་ལས་རིགས་དང་།  ཞིང་ལས་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་བཅས་འཕེལ་རྒྱས་གཏོང་རྒྱུ་ལྕག་སྐུལ་བྱེད་དགོས།  ས་ཆ་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པར་ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པ་ལས་བཙན་དབང་གིས་དམིགས་ཚད་བཟོ་མི་རུང་བ་དང་བཙན་ཐབས་ཀྱི་སྐུལ་གཏོང་བྱེད་མི་རུང་།   བཟོ་ཚོང་མ་རྩར་བརྟེན་ནས་ཞིང་ཁ་བོགས་ལེན་བྱེད་པའི་ཆོག་འཐུས་དང་ལྟ་སྐུལ་དོ་དམ་བྱེད་ཐབས་མགྱོགས་མྱུར་བཟོས་ནས་ཞིང་ལས་ཀྱི་སྤྱོད་སྒོ་རང་དགར་དུ་འགྱུར་ལྡོག་གཏོང་རྒྱུ་གཏན་འགོག་བྱེད་དགོས།

    22.གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ལ་དབང་བའི་ལམ་ལུགས་མངོན་འགྱུར་བྱེད་ཐབས་འཚོལ་ཞིབ་ནུས་ལྡན་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཁོར་རྒྱུག་ལམ་སྲོལ་གསར་གཏོད་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བའི་བསམ་འཆར་འདོན་དགོས། ས་ཆ་སོགས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་གཙོ་གནད་ཐོག་ས་ཆ་འགན་གཙང་ལེན་པའི་གཉེར་སྐྱོང་དབང་ཆ་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་། ཞིང་ཆེན་ཡོངས་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་སྤྱི་ཡོངས་ནས་བརྗོད་ན་ས་ཆ་དུད་ཚང་དུ་གཏན་འཁེལ་བྱེད་པ་དང་། དབང་ཆ་དང་མ་རྐང་གཏན་འཁེལ་བྱས་ཀྱང་ས་ཆ་གཏན་འཁེལ་མི་བྱེད་པའི་ཁྱབ་ཁོངས་ཚོད་འཛིན་ནན་པོ་བྱེད་དགོས།གཉེར་སྐྱོང་རང་བཞིན་མིན་པའི་མ་རྩ་གཙོ་གནད་ཐོག་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་པའི་མཉམ་སྡེབ་ཀྱི་གཅིག་གྱུར་གཉེར་སྐྱོང་དང་དོ་དམ་བྱེད་པའི་ལམ་སྲོལ་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་དགོས། གཉེར་སྐྱོང་རང་བཞིན་གྱི་མ་རྩ་གཙོ་གནད་ཐོག་ཐོན་དབང་གཏོགས་ཁུངས་གསལ་པོ་བཟོས་ནས་མ་རྩ་ནི་མ་རྐང་ལ་ཕབ་ཚད་དེ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིར་ཚད་འབེབས་བྱེད་པ་དང་།བྱེད་ཐབས་སྣ་མང་གི་མ་རྐང་མཉམ་ལས་འཕེལ་རྒྱས་གཏོང་དགོས། ཞིང་པས་མཉམ་སྡེབ་ཀྱི་མ་རྩའི་མ་རྐང་གི་དབང་ནུས་ལ་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་དབང་སྤྲོད་པ་དང་ཚོད་ལྟ་བྱེད་རིང་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་རྒྱུ་སྔོན་འགོག་བྱེད་དགོས་པ་དང་ཚོད་ལྟའི་ལས་དོན་ཁག་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་གའི་ནང་ཁུལ་དུ་ཚོད་འཛིན་ནན་པོ་བྱེད་དགོས། གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”དོ་དམ་ལྟ་སྐུལ་དང་ཁེ་ཕན་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྫོང་དང་།ཤང་གི་གྲོང་གསེབ་ཀྱི་ས་ཆ་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་དབང་དང་ནགས་དབང་འཁོར་རྒྱུག་གི་ཞབས་ཞུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།གྲོང་གསེབ་ཀྱི་ཐུན་དབང་འཁོར་རྒྱུག་དང་ཉོ་ཚོང་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ཁྲལ་གྲོན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

    23.གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ས་ཆ་གཞུང་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་། རྨོ་ཞིང་གི་མ་མཐའི་མཚམས་ཐིག་ལས་ཚད་བརྒལ་མི་བྱེད་པ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་གཟབ་ནན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།རིགས་དབྱེའི་ངང་གྲོང་གསེབ་ཀྱི་ས་ཆ་བསྡུ་རུབ་དང་།མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པ་དང་ཁང་གཞིའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་དགོས།ས་བསྡུའི་ཁྱབ་ཁོངས་ཆུང་དུ་གཏོང་བའི་བྱེད་ཐབས་བཟོ་དགོས།རྒྱལ་ཁབ་དང་།མཉམ་སྡེབ།མི་སྒེར་བཅས་ཀྱི་ས་ཆ་རིན་འཕར་གྱི་ཁེ་ཕན་གཅིག་ལྕོགས་ལྟ་རྟོག་གི་བགོ་བཤའི་ལམ་སྲོལ་བཟོས་ནས་མི་སྒེར་གྱི་ཁེ་ཕན་ལུགས་མཐུན་ངང་མང་དུ་གཏོང་དགོས། ས་ཆ་བསྡུ་རུབ་བྱེད་པའི་ཞིང་པར་ལུགས་མཐུན་དང་། ཚད་ལྡན།  སྣ་མང་བཅས་ངང་འགན་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འཆར་འགོད་དང་མཐུན་པ་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་པའི་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ནང་བཤུག་དང་། བོགས་གཏོང་། མ་རྐང་ནང་ཞུགས་པ་བཅས་ཀྱི་འགན་ནུས་སྤྲོད་པ་དང་ཁྲོམ་རའི་ཉོ་ཚོང་སྒྲིག་སྲོལ་དང་།ཞབས་ཞུ་དང་ལྟ་སྐུལ་དོ་དམ་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས། ཞིང་པའི་ཁང་གཞིའི་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་པ་དང་ཞིང་པར་ཁང་གཞིའི་ས་ཆ་རག་ཐབས་སྒྱུར་བཅོས་བྱས་ནས་ཞིང་པར་སྡོད་ཁང་འགན་ལེན་བྱེད་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་དགོས། ཚོད་ལྟའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བཀག་སྡོམ་འཁོར་སྐྱོད་དང་ཉམས་ཉེན་སྔོན་འགོག་ཐུབ་པ་དང་།ཕྱོགས་གཅིག་ནས་ཚོད་ལྟ་དང་། ཕྱོགས་གཅིག་ནས་ཕྱོགས་སྡོམ། ཕྱོགས་གཅིག་ནས་འཐུས་ཚང་བཅས་བྱས་ནས་བསྐྱར་བཟོ་དང་ཁྱབ་སྤེལ་ཐུབ་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་ཤིག་ཆགས་པ་བྱེད་དགོས།

    24.གྲོང་གསེབ་ཀྱི་དངུལ་རྩའི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་དོན་དངོས་དང་། ཞིང་ལས་ཀྱི་ཁྱད་ཆོས། ཞིང་པའི་དགོས་མཁོ་བཅས་དང་རང་འགུལ་ངང་འཚམ་པ་བྱས་ནས་གྲོང་གསེབ་ཀྱི་དངུལ་རྩའི་སྒྱུར་བཅོས་དང་གསར་གཏོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། ནོར་སྲིད་ཁྲལ་བསྡུ་དང་། དངུལ་ལོར་ཡིད་རྟོན། དངུལ་རྩའི་ལྟ་སྐུལ་དོ་དམ་སོགས་སྲིད་ཇུས་དང་བྱ་ཐབས་ཕྱོགས་བསྡུས་ངང་བེད་སྤྱོད་གཏོང་བ་དང་དངུལ་རྩའི་ཐོན་ཁུངས་དེ“ཞིང་གསུམ”ལ་མུ་མཐུད་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་སྤྱི་འབོར་རྒྱུན་སྲིང་ངང་འཕར་བ་དང་ཞིང་འབྲེལ་དངུལ་བུན་གྱི་བསྡུར་ཚད་མི་ཆག་པའི་འགན་ལེན་བྱེད་དགོས། ཞིང་འབྲེལ་དངུལ་བུན་གྱི་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཞིང་འབྲེལ་དངུལ་བུན་གྱི་གྲུབ་ཆ་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་དངུལ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་འབྲེལ་ཡོད་སྲིད་ཇུས་སྣུར་སྲིང་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས།

    ཡིད་རྟོན་དངུལ་བུན་གྱི་མ་རྩ་གཏའ་འཇོག་གིས་སླར་ཡང་དངུལ་བུན་ལེན་པའི་ཚོད་ལྟ་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སླར་ཡང་དངུལ་བུན་གྱི་སྐྱེད་ཀ་སྔར་བས་གཟིགས་སྐྱོང་མཁོ་འདོན་བྱེད་དགོས། ཚོང་ལས་དངུལ་ཁང་ཁག་གིས“ཞིང་གསུམ”གྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་ལ་ལྕག་སྐུལ་བྱེད་དགོས། ཞིང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་བྱ་གཞག་པུའུ་ཡི་སྒྱུར་བཅོས་ཚོད་ལྟ་དེ་རྫོང་ཁོངས་ཀྱི་ཉིང་ལག་དངུལ་ཁང་ཡོངས་ལ་ཁྱབ་པ་བྱེད་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་ནུས་པའི་ངེས་གནས་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ཆུ་བེད་དང་ས་ཁུལ་དབུལ་པོའི་གཞུང་ལམ་སོགས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་རང་གཉེར་རང་བཞིན་གྱི་ལས་སྒོ་གཟབ་ནན་ངང་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་མ་དངུལ་མཉམ་བསྲེས་བྱེད་སྟངས་གསར་གཏོད་བྱེད་པ་དང་།ཞིང་ལས་དང་གྲོང་གསེབ་འཛུགས་སྐྲུན་ལ་དུས་ཡུན་འབྲིང་རིང་གི་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཡིད་རྟོན་ཁང་གི་མ་རྩའི་དངོས་ཤུགས་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་རྫོང་ཁུངས་ལ་གཞི་ཚུགས་པ་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ངེས་གནས་མཐའ་འཁྱོངས་ནན་པོ་བྱེད་དགོས། སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་གྲོང་གསེབ་ཀྱི་དངུལ་རྩའི་ལས་སྒོ་རྒྱ་སྐྱེད་གཏོང་རྒྱུར་ལྕག་སྐུལ་བྱེད་དགོས། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་གྲོང་གསེབ་ལ་ཁྱབ་རྒྱ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་མཉམ་ལས་དངུལ་རྩ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་ལས་མཉམ་ལས་ཁང་ནང་ཁུལ་གྱི་མ་རྩ་ཕན་ཚུན་ཁ་གསབ་ཀྱི་ཚོད་ལྟ་བརྟན་པོ་བྱེད་པ་དང་། ས་གནས་དང་སྲིད་གཞུང་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་དགོས། འགན་གཙང་ལེན་པའི་ས་ཆ་གཉེར་སྐྱོང་བྱེད་དབང་དང་ཞིང་པའི་སྡོད་ཁང་དང་རྒྱུ་ནོར་བདག་དབང་གཏའ་འཇོག་ཁག་ཐེག་དངུལ་བུན་གྱི་ཚོད་ལྟའི་ལས་དོན་ཡག་པོ་བྱེད་དགོས། “ཞིང་གསུམ”གྱི་མ་དངུལ་མཉམ་བསྲེས་ཀྱི་ཁག་ཐེག་ལས་སྒོ་སྤེལ་རྒྱུར་ལྕག་སྐུལ་བྱེད་པ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི“ཞིང་གསུམ”གྱི་མ་དངུལ་མཉམ་བསྲེས་ཁག་ཐེག་དང་སླར་ཡང་ཁག་ཐེག་གི་སྒྲིག་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དངུལ་ཁང་གི་ཁག་ཐེག་དང་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས“ཞིང་གསུམ”གྱི་ཆེད་མངགས་དངུལ་རྩའི་བུན་འཛིན་འགྲེམས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ཞིང་འབྲེལ་ཁེ་ལས་ཀྱིས་བུན་འཛིན་འགྲེམས་སྤེལ་བྱེད་པར་ལྕག་སྐུལ་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཆེ་གྲས་ཀྱི་མ་དངུལ་མཉམ་བསྲེས་དང་བོགས་གཏོང་ཚོད་ལྟ་བྱེད་དགོས། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པའི་དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས།  གྲོང་གསེབ་ཀྱི་ཡོངས་ཁྱབ་ཁེ་ཕན་སྐྲུན་པའི་དངུལ་རྩར་ཤུགས་སྣོན་རྒྱག་དགོས། ནོར་སྲིད་ཀྱི་སྐྱེད་ཚབ་ཁག་ཐེག་དངུལ་བུན་ཆུང་གྲས་སོགས་ཀྱིས་གྲོང་གསེབ་ཀྱི་བུད་མེད་ལ་རྒྱབ་སྐྱོར་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།

    25.ཆུ་བེད་དང་ནགས་ལས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། ཆུ་དབང་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། ཆུ་དབང་གཏན་འཁེལ་གྱི་ཐོ་འགོད་ཚོད་ལྟ་བྱས་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཆུ་དབང་འཁོར་རྒྱུག་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ཞིང་ལས་ཀྱི་སྤྱོད་ཆུའི་རིན་གོང་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཆུ་རིན་སྒྱུར་བཅོས་དང་ཆུ་དབང་ཉོ་ཚོང་གི་ཉམས་མྱོང་ཁྱབ་སྤེལ་ཧུར་ཐག་གཏོང་བ། ཞིང་ལས་ཀྱི་འདྲེན་ཆུའི་སྤྱི་འབོར་ཚོད་འཛིན་དང་གྲངས་ཚད་གཏན་འཁེལ་གྱི་དོ་དམ་ལམ་ལུགས་བཟོ་བ། ཞིང་ལས་ཀྱི་ཆུ་སྤྱོད་རྩིས་རྒྱག་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱི་སྤྱོད་ཆུའི་རིན་གོང་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ།ཁ་གསབ་ལམ་སྲོལ་འཕྱུགས་མེད་བཟོ་བ་བཅས་བྱེད་དགོས།སྤྱི་ཚོགས་ཀྱི་མ་རྩ་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་རྒྱུ་འགུག་ཐབས་བྱེད་དགོས། ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་ལྕག་སྐུལ་བྱས་ནས་དེ་ནི་ཞིང་ནང་ཆུ་བེད་ལས་གྲྭ་ཆུང་གྲས་འཛུགས་སྐྲུན་དང་དོ་དམ་གཡོག་བྱེད་ཀྱི་གཙོ་གཟུགས་ཤིག་ཏུ་འགྱུར་རྒྱུར་རོགས་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་ཆུ་བེད་ལས་གྲྭ་ཆེད་ལས་ཅན་དུ་དོ་དམ་བྱ་རྒྱུ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཆེས་གཟབ་ནན་གྱི་ནགས་ས་དང་འདམ་ར་སྲུང་སྐྱོང་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། གཞུང་ཁུངས་ནགས་ར་སྒྱུར་བཅོས་དང་གཞུང་ཁུངས་ནགས་ཁུལ་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་སྣོད་བཅུད་སྤྱི་ཕན་ནུས་པའི་ངེས་གནས་གསལ་བཟོ་བྱས་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་རྒྱུ་ཆ་བེད་སྤྱོད་ཤིང་ཆ་གསོག་འཇོག་ལམ་ལུགས་བཟོ་དགོས། ནགས་ལས་ཀྱི་ཁྱད་ཆོས་དང་མཐུན་པའི་མ་དངུལ་མཉམ་བསྲེས་ཀྱི་ལས་སྒོ་སྣ་ཚོགས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་ཐཱན་འདུས་ནགས་ལས་འཛུགས་སྐྲུན་ནང་ཞུགས་རྒྱུའི་འགུག་ཐབས་བྱེད་དགོས། 

    26.མཁོ་ཚོང་མཉམ་ལས་ཁང་དང་ཞིང་སྦོལ་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ལས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་གཞི་རིམ་མཉམ་ལས་ཁང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་མཉམ་ལས་ཁང་བཅོས་སྐྱོང་གི་ལམ་སྲོལ་གསར་གཏོད་བྱེད་པ། ཞིང་ལས་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་མཁོ་ཚོང་མཉམ་ལས་ཁང་ནི་རྒྱལ་ཡོངས་རང་བཞིན་གྱི“ཞིང་གསུམ”ལ་ཕྱོགས་བསྡུས་ངང་ཞབས་འདེགས་ཞུ་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཏུ་འགྱུར་བ་བྱེད་དགོས།དུས་ཚོད་དམ་འཛིན་གྱིས་མཁོ་འཚོང་མཉམ་ལས་ཁང་གི་སྲོལ་ཡིག་བཟོ་དགོས། ཞིང་སྦོལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་ཞིབ་འཇུག་བྱས་ནས་འདོན་པ་དང་སྐུལ་འདེད་གཏོང་བ་དང་། ཞིང་ར་ཁེ་ལས་ཅན་དང་། སྦོལ་ཁུལ་ཚོགས་པ་ཅན། རྐང་དབང་སྣ་མང་ཅན་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ།  ལས་རིགས་ལ་མཛུབ་ཁྲིད་དང་དོ་དམ་བྱེད་པའི་སྒྲིག་སྲོལ་དང་། ཁེ་ལས་ཁྲོམ་ར་ཅན་དུ་འགྱུར་བའི་གཉེར་སྐྱོང་སྒྲིག་སྲོལ། ཞིང་ར་གཉེར་སྐྱོང་དང་དོ་དམ་གྱི་སྒྲིག་སྲོལ་བཅས་གསར་གཏོད་བྱེད་དགོས། ཞིང་སྦོལ་གྱི་གཞུང་ཁོངས་མ་རྩའི་དབང་ཆ་གཏོགས་ཁུངས་ཀྱི་འབྲེལ་བ་གསལ་པོ་བཟོས་ནས་ཞིང་སྦོལ་གྱི་ཁྱད་ཆོས་དང་མཐུན་པའི་གཞུང་ཁུངས་མ་རྩ་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཟོ་དགོས། ཞིང་སྦོལ་གཞུང་ལས་ཁང་ཀྱི་སྤྱི་ཚོགས་འགན་ནུས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཞིང་སྦོལ་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་གཞི་ཁྱོན་ཅན་གྱི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་སྐྱེད་སྲིང་ཧུར་ཐག་བྱས་ནས་ཞིང་སྦོལ་དེ་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་དང་སྣེ་ཁྲིད་སྟོབས་ཤུགས་གལ་ཆེན་ལ་འགྱུར་བ་བྱེད་དགོས།

    27.ཤང་གྲོང་བཅོས་སྐྱོང་གི་ལམ་སྲོལ་གསར་གཏོད་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། དགོས་མཁོ་དངོས་ཡོད་སར་གྲོང་མི་ཚོགས་ཆུང་གིས་གཞི་རྩའི་སྡེ་ཚན་བྱེད་པའི་གྲོང་མི་རང་སྐྱོང་གི་ཚོད་ལྟ་རྒྱ་ཆེ་རུ་གཏོང་བ་དང་། ས་གནས་ཁག་གི་དོན་དངོས་དང་མཐུན་པའི་གྲོང་མི་རང་སྐྱོང་བྱེད་སྟངས་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་དགོས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགན་འཁྲི་དང་གྲོང་ཚོའི་ལས་དོན་ཇུས་འགོད་དང་དོ་དམ་གྱི་གོ་རིམ་སྔར་བས་ཚད་ལྡན་ཡོང་བ་བྱེད་པ་དང་། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ལམ་ལུགས་ཇུས་འགོད་འཐུང་ཚང་དུ་གཏོང་བ། གྲོང་མིས་གྲོང་ཚོའི་ལས་དོན་ལ་ལྟ་སྐུལ་ནུས་ལྡན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་ཚོའི་ལས་བྱེད་པས་དབང་ཆ་བེད་སྤྱོད་པར་ལྟ་སྐུལ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྟ་སྐུལ་དངོས་སྒྲུབ་དང་གོ་ཆོད་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་བྱས་ནས་གྲོང་གསེབ་ཀྱི་ཆེད་ལས་མཐུན་ཚོགས་རིགས་དང་། སྤྱི་ཕན་དགེ་སྒྲུབ་རིགས། སྡེ་ཁུལ་གྱི་ཞབས་ཞུའི་རིགས་སོགས་ཀྱི་སྤྱི་ཚོགས་རྩ་འཛུགས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་པ་དང་སྔོན་དུ་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་འབུར་གཟུགས་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བཟོ་བ་དང་བདེ་འཇགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ཏེ་དུས་བདེའི་ཤང་གྲོང་དང་དུས་བདེའི་གྲོང་ཚོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    ལྔ། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    གྲོང་གསེབ་ནི་ཁྲིམས་སྐྱོང་འཛུགས་སྐྱོང་བལྟོས་བཅས་ངང་ཞན་པའི་ཁྱབ་ཁོངས་ཤིག་ཡིན་པར་བརྟེན་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་ཀྱི་བཅའ་ཁྲིམས་མ་ལག་གང་མགྱོགས་འཐུས་ཚང་དུ་བཏང་ནས་གོམ་སྟབས་གཅིག་མཚུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་ཀྱི་ཐོག་ནས“ཞིང་གསུམ”གྱི་ལས་དོན་སྒྲུབ་མཁས་པོ་བྱེད་དགོས།དུས་མཚུངས་གྲོང་གསེབ་ཀྱི་དོན་དངོས་དང་བསྟུན་ནས་ཤང་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་མཁས་པོ་བྱས་ནས་ཁྲིམས་སྐྱོང་འཛུགས་སྐྱོང་དེ་ཀུན་སྤྱོད་འཛུགས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། 

    28.གྲོང་གསེབ་ཀྱི་ཐོན་དབང་སྲུང་སྐྱོང་བཅའ་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་མ་རྩ་བདག་དབང་དང་། ཞིང་དུད་ཀྱི་ས་ཆ་འགན་གཙང་ལེན་པའི་གཉེར་སྐྱོང་དབང་ཆ། ཞིང་པའི་རྒྱུ་ནོར་དབང་ཆ་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་ཚོད་དམ་འཛིན་གྱིས་གྲོང་གསེབ་ཀྱི་ས་ཆ་འགན་གཙང་ལེན་པའི་ཐད་ཀྱི་བཅའ་ཁྲིམས་བཟོ་བཅོས་བརྒྱབ་ནས་ད་ཡོད་ས་ཆ་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་ལ་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པའི་མངོན་འགྱུར་བྱེད་སྟངས་ཞིབ་ཕྲ་གསལ་པོ་བཟོ་བ་དང་། གྲོང་གསེབ་ཀྱི་ས་ཆ་མཉམ་སྡེབ་ལ་བདག་དབང་དང་། ཞིང་དུད་ཀྱིས་འགན་གཙང་ལེན་དབང་། ས་ཆ་གཉེར་སྐྱོང་བྱེད་དབང་བཅས་དབར་གྱི་ཁེ་ཕན་གྱི་འབྲེལ་བ་དབྱེ་འབྱེད་བྱེད་པ། གྲོང་གསེབ་ཀྱི་བུད་མེད་ཀྱིས་ས་ཆ་འགན་གཙང་ལེན་པའི་ཁེ་ཕན་འགན་ལེན་ཡག་པོ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ས་ཆ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བ་དང་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་དགོས། དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་སྲོལ་ཡིག་གི་འཆར་ཟིན་བཟོ་དགོས། ཞིང་ལས་ཤེས་བྱའི་བདག་དབང་དང་བཅའ་ཁྲིམས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    29.ཞིང་ལས་ཁྲོམ་ར་ཚད་ལྡན་ངང་འཁོར་སྐྱོད་བྱེད་པའི་བཅའ་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཁྲོམ་རར་འཁོར་རྒྱུག་གི་བཅའ་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡོང་བ་བྱེད་པ། དྲང་གཞག་ཉོ་ཚོང་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཁོར་ཡུག་གཏོད་དགོས། ཞིང་ལས་ཐོན་རྫས་ཁྲོམ་ར་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་ལས་དོན་དུས་བསྟུན་གྱིས་བྱེད་འགོ་འཛུགས་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་ཐོན་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཐོན་སྐྱེད་ཁྲོད་བེད་སྤྱོད་དམ་ཡང་ན་གསབ་སྣོན་བྱེད་པའི་དངོས་རྫས་དོ་དམ་དང་ཐོན་སྐྱེད་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་གཙོ་གཟུགས་ཁག་ལ་ཁྱབ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་དུས་བསྟུན་གྱིས་བཟོ་བཅོས་རྒྱག་དགོས།

    30.“ཞིང་གསུམ”ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་ཁག་སྲིད་གཞུང་གི“ཞིང་གསུམ”གྱི་འགན་དབང་ཚད་ལྡན་ཡོང་བ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏོང་སྒོའི་འགན་འཁྲི་གཏན་འབེབས་གསལ་པོ་བྱེད་དགོས། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས་རྨོ་ཞིང་དང་། ཆུའི་ཐོན་ཁུངས། ནགས་ཚལ། རྩྭ་ཐང་། འདམ་ར། གྲམ་ཐང་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁ་གསབ་དང་། ས་རྒྱུ། ཆུ། རླུང་ཁམས་སོགས་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བ་དང་འཐུང་ཚང་དུ་གཏོང་དགོས།གྲོང་གསེབ་ཀྱི་དངུལ་རྩའི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།སྲིད་ཇུས་རང་བཞིན་དང་ཚོང་དོན་རང་བཞིན་གྱི་དངུལ་རྩའི་ཐོག་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་ཁ་གསལ་བཟོས་ཏེ་གྲོང་གསེབ་ཀྱི་མཉམ་ལས་དངུལ་རྩ་དང་ཞིང་ལས་འགན་བཅོལ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  དབུལ་སྐོར་གསར་སྤེལ་གྱི་བཅའ་ཁྲིམས་མགྱོགས་མྱུར་བཟོ་དགོས། 

    31.གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཁྲིམས་ལྟར་འགན་ལེན་བྱེད་དགོས། གྲོང་གསེབ་སྒྱུར་བཅོས་ཀྱི་འཐབ་ཇུས་དང་ཁྲིམས་འཛུགས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་ཆེ་ཁག་ཚང་མ་བཅའ་ཁྲིམས་དང་མཐུན་པ་དང་གཞི་འཛིན་ས་དགོས་པ་དང་། ཁྲིམས་འཛུགས་བྱེད་པར་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་མཐུན་པ་བྱེད་དགོས། ལག་ལེན་ནང་ར་འཕྲོད་བྱུང་བའི་ལག་ལེན་བསྟར་ན་ནུས་པ་ཐོན་པ་དང་ཁྲིམས་འཛུགས་ཀྱི་ཆ་རྐྱེན་འཛོམས་པ་དག་དུས་ཐོག་ཏུ་བཅའ་ཁྲིམས་ལ་འགྱུར་བ་བྱེད་དགོས། སྒྱུར་བཅོས་ཀྱི་བླང་བྱ་དང་མི་མཐུན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡིན་ཕྱིན་དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོ་དགོས།  བཅའ་ཁྲིམས་ནང་ཞིབ་ཕྲའི་སྙིང་དོན་དང་གོ་ཆོད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གཏན་འབེབས་གསལ་པོ་བྱེད་དགོས་ཚེ་དུས་ཐོག་ཏུ་བཅའ་ཁྲིམས་འགྲེལ་བཤད་རྒྱག་དགོས། ལག་ལེན་བསྟར་བར་ཆ་རྐྱེན་འཛོམས་པོ་དེ་ཙམ་མེད་པ་དང་སྔོན་ལ་ཚོད་ལྟ་བྱེད་དགོས་ཚེ་བཅའ་ཁྲིམས་ཀྱི་གོ་རིམ་གཞིར་བཟུང་དབང་ཆ་སྤྲོད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟ་ཁུལ་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།  སྲིད་འཛིན་དང་ཁྲིམས་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་ཁྲིམས་འཛིན་དཔུང་ཁག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་ཞིང་ནགས་ཆུ་བེད་སོགས་ཁྱབ་ཁོངས་ནང་ཕྱོགས་བསྡུས་ཁྲིམས་འཛིན་བྱ་རྒྱུའི་འཚོལ་ཞིབ་ཧུར་ཐག་བྱེད་དགོས།  ཞིང་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་དང་ཁྲིམས་འཛིན་གྱི་འགྲོ་གྲོན་ནོར་སྲིད་ཀྱིས་འགན་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཞིང་པའི་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས། 

    32.གྲོང་གསེབ་ཀྱི་གཞི་རིམ་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཏུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ནས་རིམ་ཁག་འགོ་ཁྲིད་དང་།  ཞིང་འབྲེལ་སྡེ་ཚན། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞིང་པའི་ཁྲིམས་སྦྱོང་དང་། ཁྲིམས་བཀུར།  ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་པ་མང་ཚོགས་ཀྱིས་ཁྲིམས་མཐུན་གྱི་ཐབས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ལུགས་མཐུན་གྱི་རེ་ཞུ་རྗེས་དཔག་ངང་མཚོན་པ་བྱེད་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།  ཞིང་པའི་ཁུར་པོ་ལྟ་སྐུལ་དང་དོ་དམ་བྱེད་པར་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས།  ཞིང་པ་དང་གཞི་རིམ་གྱི་བློ་གྲོས་ལ་བརྟེན་ནས་གྲོང་མིའི་གྲོས་དོན་ལྷན་ཚོགས་དང་ལྟ་སྐུལ་ལས་འཛིན་ལྷན་ཚོགས་སོགས་བརྒྱུད་ཤང་གྲོང་བཅོས་སྐྱོང་བྱེད་པའི་གྲོང་མིའི་དམངས་གཙོའི་གྲོས་མོལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐོ་ཚད་ཀྱི་ཐོག་ནས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་།ཞིང་ལས་ལ་ལྷོད་གཡེང་བྱེད་པའི་འགྲོ་ཕྱོགས་བཀག་འགོག་ཏན་ཏིག་བྱས་ཏེ་འགྲན་སློང་ལ་ཁ་གཏད་གཅོད་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པར་ཞིང་ལས་དང་གྲོང་གསེབ་མུ་མཐུད་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས།  ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འཕྲད་པའི་ཉམས་ཉེན་དང་འགྲན་སློང་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་གསེབ་སྒྱུར་བཅོས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རྣམ་གྲངས་གལ་ཆེན་དང་། ལས་གྲྭ་གལ་ཆེན།  སྲིད་ཇུས་གལ་ཆེན་བཅས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་བྱེད་དགོས།  ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”གྱི་སྲིད་ཇུས་ཁག་འཕྱུགས་མེད་ངང་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས།  ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།བློ་བརྟན་འགྱུར་མེད་ངང་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ“ཞིང་གསུམ”ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།  

    ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་གསར་འབྱེད་གསར་གཏོད་དང་ཏན་ཏིག་ལས་སྒྲུབ་བྱས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས།   

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།