དབུ་ཤོག>གསར་འགྱུར།
  • ཏ་ཝོ་སི་ནས་བརྒྱུད་གཏོང་བྱས་པའི་ཀྲུང་གོའི་གསར་གཏོད་ཀྱི་བརྡ་རྟགས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-02

    ཤིན་ཧྭ་གསར་འགྱུར་ཁང་སུའུ་ལི་ཧྲེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སུའེ་ཙེར་སུའུ་ལི་ཧྲེ་རུ་སྐྱ་འོད་ཁྲོད་ཡུལ་དེའི་འཁྲུག་ཆ་དོད་ཤོས་ཀྱི་པན་ཧོ་ཕུའུ་ཁྲོམ་གཞུང་དུ་འཁོར་ངོས་ཐོག“HUAWEI”(ཧྭ་ཝེ)ཞེས་པའི་བརྡ་ཁྱབ་ཆེན་པོ་བཀོད་པའི་གློག་འཁོར་ཞིག་བསྐྱོད་ཅིང་། སུའེ་ཙེར་གློག་འཕྲིན་གྱི་མཉམ་ལས་རོགས་ཟླ་ཡིན་པའི་ཧྭ་ཝེ་ཡིས་སུའེ་ཙེར་བར་སྔར་བས་མྱུར་བའི་དྲ་རྒྱའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རོགས་བྱས་པ་རེད།

    ཀྲུང་གོའི་ཁེ་ལས་ཡོ་རོབ་རྒྱལ་ཁབ་ཏུ་གཞི་ཚུགས་པ་དང་འཕེལ་རྒྱས་ཡོང་བ་དེ་ནི་ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་བསྡུས་རིས་ཤིག་ཡིན་ཞིང་། བར་ཐག་སྤྱི་ལེ་150ཡི་ཕྱི་རོལ་དུ་ཡོད་པའི་སུའེ་ཙེར་གྱི་གྲོང་ཁྱེར་ཆུང་གྲས་ཏ་ཝོ་སི་རུ་ཤུགས་རྐྱེན་ཐེབས་ཤུགས་དེ་གང་ལེགས་མངོན་ཡོད་པ་རེད།

    ཟླ་1ཚེས་21ནས་24ཉིན་བར་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2015ལོའི་ལོ་ཚོགས་ཐོག“ཀྲུང་གོ”འདི་ཉིད་ངོ་གནོང་མི་དགོས་པའི་ཀུན་གྱི་གླེང་གཞིར་གྱུར་བ་དང་ལུའུ་ཐོའུ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་གྱི་ཁ་བྱང་དུ“ལས་དབང་དང་འབྲེལ་བ་ཡོད་པའི་ལོ་ཞིག”ཅེས་པ་ལྟར་ཀྲུང་གོའི་ཙུང་ལིས་ཏ་ཝོ་སི་ཡི་གསར་འགྱུར་གལ་ཆེན་དང་པོ་དེ་བཟུང་ཡོད།

    ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཐུས་མི་ཚོགས་པ་རྒྱས་པ་དེ་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་འབྲེལ་གླེང་སྟེགས་ལོ་ཚོགས་ཐོག་དམིགས་བསལ་ཤིས་ཚིག་གསུངས་ནས་རྒྱལ་སྤྱིའི་གནས་བབ་ཐད་ཀྱི་ལྟ་སྟངས་རྒྱས་བཤད་གནང་ཐོག་ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ངོ་སྤྲོད་གནང་བ་རེད།

    རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་ཀྲུང་གོའི་ཚོགས་ཞུགས་མི་སྣའི་མིང་ཐོའི་ཁྲོད་ནས་གོ་དོན་ཟབ་མོ་རྟོགས་ཐུབ་ཡོད། ཕེང་པོ་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་སྐབས་ཆེད་མངགས“ཨ་ལི་པ་པ”དང“ཧྭ་ཝེ”ཁ་བྱང་དུ་བཀོད་པ་སྟེ། “ལི་ཁེ་ཆང་གི་གསུང་བཤད་ཀྱི་གཞི་འཛིན་སའི་འདེགས་སྐྱོར་བྱེད་མཁན་ཡིན་པའི་ཀྲུང་གོའི་དཔལ་འབྱོར་གསར་པའི་འཐུས་མི—ཨ་ལི་པ་པ་ཚོགས་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་མ་ཡུན་དང་ཧྭ་ཝེ་ཀུང་སིའི་ཙུང་ཚའེ་རེན་ཀྲེང་ཧྥེ་ཡང་གླེང་སྟེགས་ལོ་ཚོགས་ཐོག་ཞུགས་པ”ཞེས་པ་དེ་རེད།

    ཀྲུང་གོའི་ཁེ་ལས་མཁས་ཅན་གཉིས་པོས་ཉེ་ཆར་ཙུང་ལི་ལི་ཁེ་ཆང་དང་སྤེལ་རེས་བྱས་ཤིང་། ན་ནིང་ཟླ་11པར་ལི་ཁེ་ཆང་གིས་ཧང་ཀྲོའུ་རུ་མ་ཡུན་སོགས་ཞུགས་པའི་སྐབས་དང་པོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་ཐོག་གི་རྒྱལ་ཁབ་ཕྱི་ནང་གི་འཐུས་མི་དང་བཞུགས་མོལ་གནང་བ་དང་། འདི་ལོའི་ཟླ་དང་པོར་ལི་ཁེ་ཆང་གིས་ཧྭ་ཝེ་ཀུང་སིར་རྟོག་ཞིབ་གནང་ཞིང་། དེའི་ཁྲོད་ནས་ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་ལ་མཐོང་ཆེན་བྱེད་པའི་ཆ་འཕྲིན་རྟོགས་ཐུབ།

    མ་ཡུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ཆེད་མངགས་ཨ་ལི་པ་པ་ཡི“གྲོང་གསེབ་ཀྱི་གློག་རྡུལ་ཚོང་པའི”འཆར་གཞི་ངོ་སྤྲོད་བྱས་ཡོད། ཁོང་གིས“གལ་ཏེ་ལག་རྩལ་དང་འཕྲིན་སྦྲེལ་དྲ་བ་སྤྱད་དེ་ཞིང་པ་ཕྱུག་པོ་ཆགས་པ་དང་། གྲོང་གསེབ་དཔལ་འབྱོར་ལེགས་སུ་འགྲོ་བ། ཞིང་ལས་ལེགས་སུ་འགྲོ་བ་བཅས་ཀྱི་ཐད་རོགས་རམ་བྱེད་ཐུབ་ན་དེ་ནི་ང་ཚོའི་གཟི་བརྗིད་ཡིན”ཞེས་བཤད་པ་རེད།

    རེན་ཀྲེང་ཧྥེ་ཏ་ཝོ་སི་རུ་མ་སླེབས་གོང་གི་གཟའ་འཁོར་གཅིག་ནང་ཧྭ་ཝེ་ཡིས་2014ལོའི་གཉེར་སྐྱོང་གྲུབ་འབྲས་ཡོངས་བསྒྲགས་བྱས་པར་གོ་ལ་ཧྲིལ་པོར་ཕྱིར་ཚོང་ཡོང་འབབ་སྔོན་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་2870ནས་2890བར་ཟིན་པ་དེ་དུས་མཚུངས་ལས་20%ཙམ་འཕར་ཡོད་པ་རེད།

    ཙུང་ལི་ལི་ཁེ་ཆང་གིས་ཤིས་ཚིག་ཁྲོད“ཀྲུང་གོར་མི་འབོར་དུང་ཕྱུར་13དང་། ངལ་རྩོལ་ནུས་ཤུགས་དུང་ཕྱུར་9 ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་7000བཅས་ཡོད་པ་དང་མི་དམངས་ལས་ལ་བརྩོན་ཞིང་བློ་རིག་རྣམ་པར་བཀྲ་བ་ཞིག་ཡོད། གལ་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ཚང་མ་སྐུལ་སྤེལ་ཐུབ་ན་དཔལ་འབྱོར་ཐད་སྐྱེ་སྟོབས་ལྡན་པར་གྱུར་ནས་སྐུལ་འདེད་སྟོབས་ཤུགས་ཆེན་པོ་ཞིག་གཅིག་བསྡུས་ཐུབ་རྒྱུ་རེད། མང་ཚོགས་ཀྱིས་ལས་གཏོད་དང་གསར་གཏོད་བྱེད་པའི་ཁྲོད་བསམ་བཀོད་དཔག་མེད་དང་རྫོགས་མེད་ཀྱི་རྒྱུ་ནོར་ལྡན་པ་དེ་ནི་འཛད་མཐའ་མེད་པའི‘གསེར་གཏེར’ཞིག་རེད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།