དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཐུན་སྒྲིལ་གྱི་ཁྱིམ་གཞིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཚེ་བརྟན་མི་འགྱུར།   |     སྤེལ་དུས།  2026-11-22

    སྐྱིད་སྐྱིད་འཚོ་བ་གསར་པའི་འཕོ་འགྱུར་གྱི་སྙན་དབྱངས། །

    ལྷང་ལྷང་གྲུ་རིའི་འདབས་ནས་སྒྲ་འཛིན་དུ་ཐོས་དུས། །

    ཡང་ཡང་གླེང་ན་འདོད་པའི་ནང་སེམས་ཀྱི་ཚོར་འདུ། །

    ངང་ངམ་ཤུགས་ཀྱིས་དྲན་པའི་བུ་ག་ནས་བརྡོལ་སོང་། །


    དེ་འཕྲལ་སེམས་ཀྱི་ཁ་ལོ་སྲབ་ཐག་བཞིན་གཅུན་ཏེ། །

    གོམ་གསུམ་སྤོས་པའི་མཐོང་ཐོས་རེག་གསུམ་གྱི་མྱོང་བ། །

    མ་ལུས་ནག་ཆུང་ཡི་གེའི་རི་མོ་ལ་བྲིས་པའི། །

    སྤྲོ་ནང་ལྡན་པའི་འཚོ་བའི་གཏམ་རྒྱུད་འདིར་སྨྲའོ། །


    གྲུ་རིའི་ར་བས་བསྐོར་བའི་ཞིང་ཁམས་ཀྱི་ལྟེ་བར། །

    གླང་ཆེན་ཁ་འབབ་ཤང་ཤང་སྐད་སྒྲ་དང་བཅས་ཏེ། །

    མཐོན་པོའི་རོང་དང་བདེ་མོའི་སྤང་ཐང་ཡོངས་བརྒྱུད་དེ། །

    ཚེ་སྲོག་བསྲིངས་པའི་ཟུངས་ཁྲག་ལྟ་བུ་བཞིན་རྒྱུ་འོ། །


    གངས་སྨན་རྒྱལ་མོ་ཇོ་བོ་སྐུ་ལྷ་ལ་སོགས་པའི། །

    མཐོ་ཞིང་བརྗིད་པའི་ས་འཛིན་དཀར་པོ་རྣམས་མཛེས་ལ། །

    ལ་གླིང་ཐང་དང་མཎྜལ་ཐང་ཆེན་ལ་སོགས་སུ། །

    རི་དྭགས་ཕོ་མོ་བག་ཕེབས་རྩྭ་ཆུ་ལ་རོལ་སོང་། །


    རྫ་རི་སྤང་རིར་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས། །

    བགྲང་གིས་མི་ལངས་ནམ་མཁའི་སྐར་ཚོགས་ལ་འགྲན་ལྟར། །

    ཞིང་ཐང་ཡངས་མོར་གྲོ་ནས་སྲན་གསུམ་གྱི་འདབ་མ། །

    དྲི་བཞོན་རླུང་དང་འགྲོགས་ནས་ཡོམ་ཡོམ་དུ་འགུལ་སོང་། །


    ཚང་ཚིང་ལོ་འདབ་རྒྱས་པའི་འབྲས་ཤིང་གི་ཡལ་གར། །

    ཁམ་བུ་ཀུ་ཤུ་ལ་སོགས་ཤིང་ཏོག་གི་འབྲས་བུ། །

    ནག་པོའི་སྐྲ་ལོར་བརྒྱན་པའི་གཡུ་བྱུར་དང་མཚུངས་གཤིས། །

    དབང་མེད་སྐྱེས་བུའི་ཡིད་སེམས་འཕྲོག་པ་དེ་མཚར་རོ། །


    ཞང་ཞུང་ལྟེ་བར་གྲགས་པའི་ཁྱུང་ལུང་ལ་སོགས་པའི། །

    གནའ་བོའི་ཤེས་རིག་གཞལ་བའི་ངོ་མཚར་གྱི་གནས་དང་། །

    གནའ་ཉམས་དོད་པའི་གུ་གེ་ཕོ་བྲང་ལ་སོགས་པའི། །

    སྐྱེས་བུའི་ཡིད་དབང་འགུག་པའི་བཟོ་རྩལ་དག་རྨད་དོ། །


    ཕྱི་སྣོད་འཇིག་རྟེན་བཀོད་པ་ལྷ་ཡུལ་བཞིན་མཛེས་ཤིང་། །

    ནང་བཅུད་འགྲོ་བའི་ཤེས་དཔལ་དབྱར་མཚོ་ལྟར་རྒྱས་པའི། །

    ཕུན་ཚོགས་འདོད་ཡོན་འཛོམས་པའི་མི་ཡུལ་གྱི་དག་ཞིང་། །

    གོ་ལའི་ཏོག་ལྟར་མཛེས་པའི་ངོ་མཚར་གྱི་གནས་མཆོག །


    ཏང་དར་ལྷབ་ལྷུབ་གཡོ་བའི་ཁྲིད་སྟོན་གྱི་འོག་ཏུ། །

    སྲིད་གཙང་སྲོལ་བཟང་ཕྱོགས་མེད་ཉི་ཟེར་བཞིན་འཕྲོ་ཞིང་། །

    དམག་ཉེན་དམངས་ཀྱིས་ཞུམ་མེད་དཔའ་ངར་དང་བཅས་ཏེ། །

    དུས་རབས་གསར་པའི་བྱ་གཞག་རླབས་པོ་ཆེར་འབད་སོང་། །


    མི་སེམས་འགུལ་བའི་གཏམ་རྒྱུད་ལྷ་སྒྲུང་ལས་སྙན་ལ། །

    མི་རིགས་ང་དྲུག་སྤུན་ཟླའི་ལྷད་མེད་ཀྱི་བརྩེ་སེམས། །

    མཐུན་པའི་ལག་གདང་རྡོག་རྩ་སེ་འབྲུ་བཞིན་གཅིག་ཏུ། །

    སྒྲིལ་ནས་མཛེས་སྡུག་ཁྱིམ་གཞིས་འཛུགས་སྐྲུན་ལ་བརྩོན་སོང་། །


    ཚན་རྩལ་འཕུར་མཆོང་ལྟ་བུའི་ཐོན་སྐྱེད་ཀྱིས་དཔལ་ལས། །

    མངའ་ཐང་ལོངས་སྤྱོད་འཛོམས་པའི་འབྱོར་ཕྱུག་གི་འཚོ་བ། །

    ཀླུ་ཡུལ་གཏེར་སྒོ་ཕྱེ་འདྲའི་སྟོབས་འབྱོར་དག་མཐོང་དུས། །

    མི་རྣམས་དགའ་བདེའི་འཛུམ་མདངས་པད་མོ་བཞིན་གྲོལ་སོང་། །


    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པས། །

    མི་རིགས་ཁག་རྣམས་ཐུན་མོང་དམངས་གཙོ་ཡི་ལམ་བུར། །

    གཅིག་ཕན་གཅིག་རོགས་ཞི་མཐུན་མཉམ་གནས་ཀྱིས་ངང་ནས། །

    འོད་སྟོང་ལྡན་པའི་བྱ་གཞག་གསར་གཏོད་ལ་འབད་འགྲོ །


    ངོ་མཚར་རྨད་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད། །

    དུས་བསྟུན་འཕེལ་རྒྱས་གསར་དར་རིག་གནས་ཀྱི་དོ་ར། །

    ཤེས་དཔལ་ཁོ་ལག་རྒྱས་པའི་ཁྱིམ་གཞིས་ཀྱི་ནང་དུ། །

    བརྩོན་འགྲུས་རྟ་ཕོ་ཤེས་བྱའི་རྒྱ་མཚོ་རུ་འཐིམས་སོང་། །


    ཕོ་མོའི་དབྱེ་བ་མེད་པར་འདྲ་མཉམ་གྱི་ཐོག་ནས། །

    གཟུ་བོའི་བློ་ཡིས་དྲང་གཞག་ཚད་མ་རུ་བཟུང་ཏེ། །

    སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དགོངས་པ་དང་མཐུན་པར། །

    རྒྱལ་གཅེས་འདུ་ཤེས་མཐའ་ཡས་རྒྱ་མཚོ་ལས་ཟབ་པ། །


    དཀའ་སྤྱད་ལས་བརྩོན་རླབས་ཆེའི་ཕུགས་འདུན་གྱི་ཆེད་དུ། །

    སྐྱིད་སྡུག་མཉམ་མྱོང་མཐུན་སྦྱོར་ཡིད་རྟོན་ལ་བརྟེན་ནས། །

    ཁ་ཞེ་གཉིས་མེད་མཛའ་མཐུན་ཉ་ཆུ་བཞིན་བསྐྱངས་ཏེ། །

    གཅིག་ཕན་གཅིག་རོགས་ཕ་ཡུལ་འཛུགས་སྐྲུན་ལ་བྲེལ་བ། །


    རྒན་རྒོན་ཚོགས་རྣམས་སོས་དལ་བག་ཕེབས་ཀྱི་ངང་ནས། །

    ཏང་གི་བྱམས་བརྩེའི་དྲོ་སྐྱིད་ཁྱིམ་ཚང་གི་ནང་དུ། །

    ཟས་གོས་སྡོད་དང་སྨན་བཅོས་འཕྲོད་བསྟེན་ལ་སོགས་པར། །

    སེམས་ཁྲལ་སྤུ་ཙམ་མེད་པར་སྤྲོ་སྣང་གིས་མྱོས་འདུག །


    སྤྱི་ཚོགས་རྙིང་པ་བརྒྱུད་པའི་སྔོན་ཆད་ཀྱི་ལོ་ཟླ། །

    ཡང་ཡང་སེམས་ལ་དྲན་ཞིང་དཀའ་སྡུག་གི་མྱོང་བ། །

    རྗེས་རབས་རྣམས་ལ་གླེང་གིན་ཁ་ཏ་དང་བཅས་ཏེ། །

    དྲོ་སྐྱིད་འཚོ་བ་གསར་པར་དགའ་ཞེན་གྱིས་ཁེངས་སོང་། །


    རིན་ཆེན་ཏོག་གིས་བརྒྱན་པའི་གདུགས་དཀར་བཞིན་མཛེས་པའི། །

    དཀར་ཆ་དོད་པའི་བ་གམ་ཁང་བཟང་གི་ནང་དུ། །

    བློ་གསར་གཞོན་ནུའི་ཚོགས་རྣམས་མ་ལུས་པར་འདུས་ཏེ། །

    སྣང་བྱེད་སྒྲོན་མེའི་བཤེས་གཉེན་གསུང་དབྱངས་དེ་སྙན་པ། །


    མཐའ་ཡས་རིག་གཞུང་རྒྱ་མཚོའི་ཆུ་གཏེར་གྱི་ཀློང་དུ། །

    དཀའ་སྤྱད་ཁུར་དུ་བཟོད་ནས་་གསེར་ཉ་བཞིན་འཁྱུག་སྟེ། །

    བླང་དོར་བློ་གྲོས་འདབ་སྟོང་པད་མ་ལྟར་གྲོལ་ཏེ། །

    ཤེས་རྨོངས་གདུང་བའི་ཚ་གདུང་འཇོམས་པ་ལ་འབུངས་འདྲ། །


    མི་འཇིགས་སྙིང་རུས་རྒྱལ་མཚན་ནང་སེམས་སུ་ཕུབ་ནས། །

    ཉོན་རྨོངས་བཅོམ་པའི་འཁོར་ལོ་བར་མེད་དུ་བསྐོར་ཏེ། །

    རྣམ་དཔྱོད་རིག་པས་ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ། །

    རང་དགོས་ཤེས་བྱའི་གནས་ལ་ཧུར་བརྩོན་གྱིས་སྐུལ་སོང་། །


    དུང་དཀར་གཡས་འཁྱིལ་འདྲ་བའི་ལྷག་བསམ་གྱི་བདག་ཉིད། །

    སྤྱི་ཕན་དང་བླངས་པ་ཡི་ངག་སྒོ་ལས་ཐོན་པའི། །

    མི་ཆོས་བསླབ་བྱ་བུམ་པ་གང་བྱོ་ཡི་ཚུལ་དག །

    པ་ཊའི་ལམ་བུ་སྟོན་པའི་སྒྲོན་མེ་ཡི་དཔེ་བཞིན། །


    ཁྱད་མེད་ཁྱིམ་ཚང་ཁྲི་སྟོང་དུ་མ་ལ་ཁྱབ་ཅིང་། །

    སྐྱེ་བོ་ཀུན་ཀྱང་སྦྱོང་སྤྱོད་སྤེལ་གསུམ་ལ་བརྩོན་པས། །

    གཞན་ཡིད་སྨོན་པར་བྱེད་པའི་ཡ་རབས་ཀྱི་སྤྱོད་བཟང་། །

    སྤུན་ཟླ་མི་རིགས་ཡོངས་ཀྱི་ཁྲག་རྒྱུན་དང་འདྲེས་སོང་། །


    མདོར་ན་དུས་རབས་གསར་པའི་འཕོ་འགྱུར་གྱི་ལམ་བུར། །

    མི་རིགས་ཁག་རྣམས་ཕན་ཚུན་མཐུན་སྒྲིལ་དང་བཅས་ཏེ། །

    བླ་ན་མེད་པའི་རྒྱལ་ཁབ་བརྟན་སྲུང་ལ་འབད་ཅིང་། །

    བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་བརྩོན་ནོ། །


    དེ་ལྟར་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་གི་ལྟ་བ། །

    མ་ལུས་མི་རིགས་མཐུན་སྒྲིལ་བྱ་གཞག་དང་འདྲེས་ཤིང་། །

    སྤྲོ་སྣང་འཚོ་བ་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི། །

    མཐུན་སྒྲིལ་ཁྱིམ་གཞིས་ཆེན་མོའི་གཏམ་རྒྱུད་འདི་དགེའོ། །


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།