དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ལ་རྨི་ལམ་ཞིག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཨ་བཙུན་གཡུང་དྲུང་བཀྲ་ཤིས།   |     སྤེལ་དུས།  2026-11-22

    ང་རང་ནི་དངོས་གནས་རླུང་ཁའི་ཁུར་མོང་བཞིན་སྐབས་རེ་རང་ཚུགས་དང་བརྟན་བརླིང་མེད་པའི་མི་ཞིག་རེད་ཨང་། མཐའ་ཡས་སྣང་བརྙན་གྱི་དགའ་ཚལ་དུ་འདྲེན་བྱེད་འཕུར་ལྡིང་གི་གར་ལ་རྩེན་ཐེངས་རེར་དེ་དང་འབྲལ་མི་འདོད་པའི་སེམས་ཁམས་ཤིག་གིས་ཀུན་ནས་བརྟས་པས། གཟུགས་མེད་ཐ་ཚིག་གི་རི་མོ་དེ་དག་ཀྱང་རབ་རིབ་མག་མོག་ཏུ་གྱུར་ནས། ཉིན་གཅིག་གི་ལས་ཀྱི་སྣེ་མོ་བོར་ཏེ། བྱིས་པ་རྩེད་རྒོད་ཅན་གྱི་འདུ་ཤེས་ལྟར་དམིགས་ཡུལ་དང་འཆར་གཞི་མེད་པ། དུས་ཚོད་ཀྱི་རླབས་ཕྲེང་རེ་རེ་ཆོ་མེད་མཚོ་ཁར་སྐྱོམ་པའི་རླུང་བུ་དང་ཅི་ནས་མཚུངས། འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་དེ་འདྲའི་བྱ་བ་མང་པོས་ལང་ཚོ་ཆུད་ཟོས་སུ་བཏང་བ་བགྲང་གིས་མི་ལང་། ད་ནི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ཕྱིར་དྲན་གྱི་སྒེའུ་ཁུང་ནང་ལྟ་སྐབས། འགྱོད་གདུང་མང་པོ་ཞིག་སོས་ཀའི་ཁ་བ་བཞིན་ཡིད་ཀྱི་གཏིང་རིམ་དུ་བབས་བྱུང་།

    ད་ནི་བཅུ་ཕྲག་གསུམ་གྱི་བགྲང་བྱའི་ཁུར་དུ་ལྕི་བའི་མི་ཚེའི་བང་རིམ་མཐོན་པོར་བསྙེགས་ཟིན་པས། ངས་སྔོན་ཆད་ཀྱི་དགའ་སྐྱོ་རྣམས་རྡོ་ལ་རི་མོ་བརྐོས་པ་ལྟར་ལོ་ཟླ་དང་ཆར་ཆུས་ཇི་ལྟར་གཙེས་ཀྱང་འཇིགས་པ་མེད་པར་སེམས་ལ་ཉར་ཅི་ཐུབ་བྱས་ལ། ཞོགས་པའི་སྐྱ་རེངས་ཀྱི་འཛུམ་མདངས་དང་འགྲོགས་ཏེ། ཤེས་རིག་གི་དགའ་ཚལ་ཞིག་ནས་སློབ་སྦྱོང་གི་ཐེམ་སྐས་རེ་རེ་བཞིན་བརྒལ་གྱིན་ཡོད། ལན་རེར་ངས་བསམ་གཞིག་གི་མདའ་མོ་རང་ཕྱོགས་སུ་བསྐོར་ཚེ། རང་ཉིད་རིག་གནས་འདི་དང་འདི་ལ་བྱང་ཆ་ཡོད་སྙམ་པའི་ཁ་ཕྱོགས་ཙམ་ཡང་རྙེད་པར་དཀའ་མོད། ཡིན་ན་ཡང་ད་དུང་སེམས་བསམ་པའི་གཏིང་ནས་སློབ་སྦྱོང་ལ་དགའ་བའི་འདུ་ཤེས་ནམ་ཡང་མ་ལྷོད་པ་ནི། ནར་སོན་པའི་བརྒྱུད་རིམ་ཁྲོད་དུ་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་འགྲིམ་པའི་བག་ཆགས་ཀྱིས་ཀུན་ནས་བསླངས་པ་རེད་སྙམ།

    རྩ་ཆེའི་དུས་ཚོད་ལ་གསེར་ལྟར་དཀོན་པའི་ངེས་ཤེས་མ་སྐྱེས་ཀྱང་། ཕ་མས་གནང་བའི་མིག་མདུན་གྱི་གོ་སྐབས་ལ་དམ་འཛིན་དང་གཅེས་སྤྲས་ཀྱི་འདུ་ཤེས་བརྟན་པར་ཅིས་ཀྱང་འབད་པར་ལྷུར་ལེན་བྱས་ཤིང་། ཕྱིས་འབྱུང་འགྱོད་གདུང་དང་ཕངས་སེམས་མེད་པའི་མི་ཚེའི་བརྒྱུད་རིམ་ཞིག་གི་བློས་བསླངས་ལ་གཞོལ་དགོས། ངས་ནམ་ཡང་རང་གིས་རང་ལ་འབད་བརྩོན་ནི་གུ་དོག་པའི་བསམ་བློའི་འཁོར་རྒྱ་ཇེ་ཆེར་བཏང་ནས་ལེགས་ཉེས་ཀྱི་རྣམ་གཞག་ལ་མ་རྨོངས་ཤིང་། སྤང་བླང་གི་འཇུག་ལྡོག་མ་ནོར་བར། ནང་བསམ་པའི་དཔལ་ཡོན་ཕུན་ཚོགས་སུ་གཏོང་འདོད་པའི་ཆེད་དུ་ཡིན་པ་ལས། འགྲན་རྩོད་དང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་མིང་གྲགས་སྐམ་པོ་དང་མིག་མདུན་གྱི་ཁེ་ཕན་ཙམ་དོན་དུ་གཉེར་ཆེད་མིན་པའི་དྲན་སྐུལ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།