དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁ་བའི་འདབ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གཡུ་ཆུང་།   |     སྤེལ་དུས།  2026-11-22

    ནང་སེམས་རྨི་ལམ་ཚོན་གྱི་རིས་སུ་བཀྲ །

    དབང་གཞུའི་འོད་ལྔའི་གཤིས་ལ་མཐུན་པ་ཉིད། །

    སྣ་ཚོགས་དྲན་འཆར་རྟིང་མའི་དྭངས་མ་དེ། །

    དཀར་གཙང་ཁ་བའི་འདབ་མ་དེ་ལ་འཁྲེང་། །


    དཀར་པོ་གངས་དང་འོ་མའི་མདངས་འཛིན་པ། །

    ན་ཆུང་ཀུན་གྱི་ཐོག་མའི་སེམས་གཤིས་ཉིད། །

    ཁ་བའི་འདབ་མ་གཅིག་ལ་འཁྲུངས་ནས་ནི། །

    ལན་ཅིག་ཞེན་པའི་རྨི་ལམ་སྦྲུམ་པ་བཞིན། །


    སྤྲིན་དཀར་འདབ་ཕྲེང་གྲོལ་བའི་དྲན་པ་འདི། །

    དཀར་གཙང་ཁ་བའི་གཟུགས་ལ་སྤྲུལ་པ་ཉིད། །

    ཨ་སྔོན་དགུང་ནས་འཛིན་མའི་ཁྱོན་ལ་འཕོས། །

    ལན་ཅིག་ཉི་ཟེར་ལྷན་དུ་དགུང་ལ་ཡལ། །


    འཁོར་བའི་ཆགས་སྡང་རུམ་པའི་ཆོས་ཉིད་ལ། །

    དགའ་སྐྱོ་ཟུང་གི་འགྱུར་བ་གསལ་བ་ཉིད། །

    ཁ་བའི་འདབ་མ་གཅིག་གི་དར་རྒུད་ལ། །

    འདུ་བྲལ་ཆོས་ཀྱི་རི་མོ་མངོན་པར་གསལ། །


    རེ་འབྲས་སེམས་ལ་སྨིན་པའི་དགུན་དུས་སུ། །

    རབ་དཀར་ཁ་བའི་འདབ་མ་གྲོལ་བ་ཉིད། །

    རེ་དོགས་ཡིད་ཀྱི་ལྷགས་བསིལ་ལྡང་བ་ཡིས། །

    རབ་མེད་གཙང་ཆབ་དར་གྱིས་བསྒྲིབས་པ་ཉིད། །


    བརྗིད་ཆགས་ས་འཛིན་དཀར་པོའི་ཕང་བ་རུ། །

    དཀར་གཙང་ཁ་བའི་འདབ་མ་གངས་ལ་ཐིམ། །

    ཚེ་གཅིག་རྨི་ལམ་རུམ་པའི་ཞེན་པ་དེ། །

    གངས་དཀར་ལྷུན་པོའི་ལྟོ་བར་འཕོས་ནས་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།