དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དགེ་རྒན་གྱི་བླ་དང་སྲོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གཅན་གླག་མིག   |     སྤེལ་དུས།  2026-11-22

    བྱ་དང་བྱེའུ་ལ་གཤོག་ཟུང་མེད་ཚེ་ནམ་འཕང་གཅོད་མི་ཐུབ་ཅིང་། དེ་ཡང་མུ་མཐའ་མེད་པའི་སྔོ་བསངས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་རྒྱག་པ་ཙམ་གྱི་སླད་དུ་ཡེ་ནས་མིན་ཏེ། མ་ཡུམ་གོ་ལའི་ཕང་བ་རུ་བདེ་སྐྱིད་ཀྱིས་འཚོ་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ཡིན་ནའང་། དགེ་རྒན་རྣམས་ལའང་ནམ་འཕང་གཅོད་པའི་གཤོག་ཟུང་གཉིས་ཡོད་པ་རྟོགས་མཁན་ནི་ཤིན་ཏུ་ཉུང་།

    དགེ་རྒན་གྱི་བཟང་ངན་ནི་སྐད་ཡིག་གི་ཆུ་ཚད་ལེགས་མིན་གྱིས་འབྱེད་ཅིང་། སྐད་ཡིག་ཅེས་པའང་མཐར་ཐུག་ན། སྐད་ནི་ཁ་ནས་བཤད་རྒྱུ་དང་། ཡིག་ནི་ལག་གིས་འབྲི་རྒྱུ་ཞིག་སྟེ། སྔ་མ་ནི་སྤྱི་སྐད་དམ་ཡུལ་སྐད་གང་རུང་ལ་བརྟེན་ནས་མངོན་ཞིང་། ཕྱི་མ་ནི་སྤྱི་སྐད་དམ་ཡུལ་སྐད་ཀྱི་ཆོས་ཉིད་ལྟར་ཡིག་ཐོག་ཏུ་ཕབ་པ་ལས་མངོན་ཏེ་རྒྱུགས་ཆེ་བ་ཡིག་སྐད་ཡིན། ཡང་གཅིག་བཤད་ན། དགེ་རྒན་ཞིག་ཡིན་ཕྱིན་ཁ་ནས་བཤད་པ་དང་ལག་གིས་བྲིས་པ་ཚད་ལྡན་ཡིན་དགོས་པར་མ་ཟད། ད་དུང་ཀུན་གྱི་མིག་དཔེར་རུང་བ་ཞིག་ཅིས་ཀྱང་ཡིན་དགོས་པ་དང་། གནའ་དེང་གི་སློབ་གསོ་སྨྲ་བའི་ཁྱུ་མཆོག་རྣམས་ཀྱི་ཁྲོད་དུ་དགེ་རྒན་ལ་ཆ་རྐྱེན་གསུམ་མམ། ལྔའམ། བདུན་ནམ། བརྒྱད་དམ། བཅུ་སོགས་ལྡན་དགོས་ཚུལ་བརྗོད་མཁན་ཤིན་ཏུ་མང་བ་ཀུན་གྱིས་ཤེས་གསལ་ལ། ངེད་ཀྱི་བསམ་པར་དགེ་རྒན་ཞིག་ཡིན་ཕྱིན་མ་མཐར་ཡང་ཆ་རྐྱེན་གཉིས་ལྡན་དགོས་ཏེ། དཔེ་ཀློག་དང་སློབ་ཁྲིད་དོ།།

    དཔེ་ཀློག་ལ་དབང་འབྱོར་ཅིང་སློབ་ཁྲིད་ལ་མངའ་བརྙེས་པའི་དགེ་རྒན་ཞིག་སྐད་ཡིག་གི་འབྲི་ཀློག་ཉན་བཤད་བཞིའི་བཙན་རྫོང་དང་གཡུལ་ས་ལས་ཐར་ཐུབ་པར་གདོན་མི་ཟའོ།།

    དཔེ་ཀློག་ནི་གཡས་གཤོག་སྟེ། མཐོང་བ་ཁྱོན་ཡངས་ཐབས་དང་། ཐོས་པ་རྣལ་ལ་ཁེལ་ཐབས། བསམ་པ་དོན་ཐོག་ཏུ་སྨིན་ཐབས་སོགས་ཀྱི་གནད་ཀྱི་དམ་པ་ཡིན་ཞིང་། དཔེ་ཀློག་ལ་བརྟེན་ནས་ད་གཟོད་མཁས་དབང་རྣམས་ཀྱི་བསམ་བློའི་ཉིང་བཅུད་མ་ལུས་ཚུར་བསྡུ་ལེན་བྱས་ཏེ་རང་གི་བསམ་བློ་གྱ་ཇེ་ནོམ་དང་འཐུས་ཇེ་ཚང་དུ་གཏོང་ཐུབ་པ་དང་། སློབ་ཁྲིད་ནི་གཡོན་གཤོག་སྟེ། འཆད་རྩོད་རྩོམ་གསུམ་གྱི་བརྐྱངས་བསྐུམས་ལ་བརྟེན་ནས་ད་གཟོད་རང་གིས་རྟོགས་པ་དང་གཞན་ལས་ཐོས་པ་རྣམས་གསལ་དག་སྙན་གསུམ་གྱི་ལམ་ནས་སློབ་མ་རྣམས་ཀྱི་རྒྱུད་ལ་འཇོག་དགོས།

    དེ་བས། དཔེ་ཀློག་ནི་ཕྱིའི་བདེན་བཟང་མཛེས་གསུམ་ནང་དུ་བསྡུ་བ་དང་། སློབ་ཁྲིད་ནི་ནང་གི་མཁས་བཙུན་བཟང་གསུམ་ཕྱི་རུ་ཕྱུང་བའི་གོ་རིམ་གལ་ཆེན་ཞིག་སྟེ། དཔེ་ཀློག་ལ་ཡང་སེམས་ལྡན་དང་སེམས་མེད་ཀློག་པ་དང་། རང་དང་གཞན་ཀློག་པ། ཕྱི་ནང་གསང་་གསུམ་ཀློག་པ། འདས་མ་ད་གསུམ་ཀློག་པ། སྲིད་འབྱོར་རིག་གསུམ་ཀློག་པ་སོགས་རིགས་དང་རྣམ་པ་མོད་པོ་མཆིས་པས། དགེ་རྒན་གྱིས་དཔེ་ཀློག་བྱེད་པ་ནི་ཐོབ་དང་གོ་ས་ཁོ་ནའི་ཆེད་དུ་ཡིན་མི་འོས་ལ། དབང་དང་སྙན་གྲགས་གཅིག་པུའི་དོན་དུ་ཡིན་ནའང་མི་ལེགས། དེ་བས་ཀྱང་ཡོན་དང་གླ་ཕོགས་འབའ་ཞིག་གི་སླད་དུ་ཡིན་ན་ཡེ་ནས་མི་འགྲིག་སྟེ། ཡིན་རྒྱུ་ནི་དཔེ་ཀློག་ལ་བརྟེན་ནས་རང་ཉིད་བྱ་བའི་འཇུག་ལྡོག་དང་། ལས་ཀྱི་དགེ་སྡིག དོན་གྱི་ལེགས་ཉེས་སོགས་ལ་ཐོགས་རྡུགས་མེད་ཅིང་རྨོངས་ཞེན་བྲལ་བ་ཞིག་ཏུ་བཞེངས་སྐྲུན་གང་ལེགས་མཛད་ཐོག རང་གིས་ཤེས་སོ་ཅོག་དང་། མཁྱེན་ནོ་ཅོག ཐོས་སོ་ཅོག་ཇི་ལྟ་ཇི་ལྟར་ཡིན་པ་གཅིག་ཀྱང་མ་ལུས་པར་གདུལ་བྱ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་དེ་ལྟ་དེ་ལྟར་བགོ་བའམ་བྱོ་བ་ནི་དགེ་རྒན་གྱི་འགན་ཁུར་ཉག་གཅིག་སྟེ། རྒྱུན་གཏན་དུ་དེ་ལ་སློབ་ཁྲིད་ཅེས་འབོད་ཅིང་། དཔེ་ཀློག་ལས་མཚན་ལྡན་དགེ་རྒན་ཡིན་མིན་གྱི་ཤན་འབྱེད་མི་ནུས་ན། སློབ་ཁྲིད་ཀྱིས་དེ་ལས་སླ་མོའི་ངང་ནས་འགྲུབ་ཐུབ། སློབ་ཁྲིད་ཅེས་པ་ནི་མ་གཞི་ནས་དགེ་རྒན་གྱིས་སློབ་པ་དང་སློབ་མ་ལ་ཁྲིད་པ་གཉིས་ལྷན་དུ་གནས་ཡོད་ཙང་། མ་བཀླགས་པར་ཅི་ཞིག་སློབ། མ་བསླབས་པར་ཅི་ཞིག་ཁྲིད། མ་ཁྲིད་པར་ཅི་ཞིག་ཐོབ་ཨང་། དེ་ལྟའི་ཕྱིར་ན། དཔེ་ཀློག་གལ་ཆེ་བ་ནང་བཞིན་སློབ་ཁྲིད་དེ་བས་ཀྱང་གལ་འགངས་ཤིན་ཏུ་ཆེ་སྟེ། དགེ་རྒན་གང་དེས་ནམ་རྒྱུན་དུས་ཚོད་འཁྱོལ་ཐབས་དང་། ཉི་མ་ཕུད་ཐབས། གླ་ཕོགས་ལོན་ཐབས་ལ་རྐྱང་རྐྱང་འབད་ན་ནི། རང་གི་ཁ་གསོ་རྒྱབ་འགེབ་དང་སེམས་ཁམས་བདེ་ཐང་ལ་གནད་དོན་མི་འབྱུང་རུང་། དགེ་རྒན་ཞེས་པའི་མི་དགེ་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དགེ་བའི་ལས་ལ་སྤྲོ་བ་དང་སློབ་ཁྲིད་ལ་བྱང་དགོས་པའི་བླང་བྱའམ་འགན་འཁྲི་བླ་མེད་དང་འགལ་བ་ལྟག་སྤྲོད་དུ་གྱུར་འདུག་པ་ཧ་ཅང་གསལ་པོ་མ་རེད་དམ།

    གལ་ཏེ་དགེ་རྒན་གྱིས་དཔེ་ཀློག་བྱེད་པ་དང་སློབ་ཁྲིད་བྱེད་པ་ནི་གང་ཟག་ཕལ་པ་ཞིག་གིས་ཆུ་རྐྱལ་སློབ་པ་དང་ཆ་འདྲ་བའི་དབང་དུ་བཏང་ན། དགེ་རྒན་གང་དེ་ཁྲིད་སྟེགས་སུ་མ་ཕྱིན་སྔོན་ལ་ཡིན་གཅིག་མིན་གཉིས་འཁྲིད་བྱའི་ནང་དོན་དང་འབྲེལ་བའི་ཤེས་བྱ་མཐའ་དག་ཁོང་དུ་ཆུད་དགོས་ཤིང་། དེ་ནི་མི་གང་དེ་ཆུ་རྐྱལ་མ་བརྒྱབ་གོང་ལ་ངེས་པར་དུ་དེ་དང་འབྲེལ་བའི་རྩལ་ནུས་ལ་རྒྱུས་ལོན་དང་ཁོང་དུ་ཡང་དག་ཆུད་དགོས་པ་་དང་ཡང་དག་མཚུངས། དེ་ཡང་མི་ཆེ་གེ་མོས་ཆུ་རྐྱལ་གྱི་སྦྱོར་བ་དམ་པ་ལོགས་སུ་དོར་ཏེ་ཐད་ཀར་དངོས་གཞི་དམ་པར་ཞུགས་ཏེ་ཆུར་རྐྱལ་ཚེ། མི་གང་དེས་བློ་ཡུལ་ལས་འདས་པའི་སྐྱོ་གར་གང་མང་འཁྲབ་ངེས་ཤིང་། དེ་ནི་དགེ་རྒན་ཞིག་གིས་དཔེ་ཀློག་ཡེ་ནས་མ་བྱས་ཤིང་གྲ་སྒྲིག་ཅི་ཡང་མ་བྱས་པར་ཐད་ཀར་ཁྲིད་སྟེགས་སུ་བུད་པ་དང་ཆ་འདྲ། དེ་མིན་དཔེ་ངོས་དང་གཞན་བརྒྱུད་ཀྱི་ཆུ་རྐྱལ་རྒྱག་ཚུལ་ཁོ་ན་བསླབས་ནས་རང་རྒྱུད་ཀྱིས་ལག་ལེན་མ་བྱས་ཚེ། དེ་ཡང་ཕྱི་སྨིན་ལ་ནང་མ་སྨིན་པའི་ཆུ་རྐྱལ་རྒྱག་ཚུལ་ཙམ་ལས་གོ་ཅི་ཡང་མི་ཆོད་ཅིང་། དེ་ནི་དགེ་རྒན་ཞིག་གིས་དེ་རིང་འདི་ལ་བལྟས་དང་། ཁ་སང་དེ་ལ་མཇལ་ཞེས་རིག་པའི་གནས་ཆེན་བཅོ་བརྒྱད་ཀྱི་འཇིངས་སུ་ཞུགས་ཏེ་རང་དགར་རྩེན་རུང་སློབ་ཁྲིད་དངོས་ལ་ཞུགས་ཏེ་ཚོད་ལྟ་དང་ལག་ལེན་གང་མང་མ་གནང་ཚེ། དགེ་རྒན་ཡིན་པའི་སྒྲུབ་བྱེད་སུ་ལའང་ཡོད་རེ་སྐན།

    མདོར་ན། འདི་ལྟ་སྟེ། མི་ཞིག་ལ་མཚོན་ན། སྲོག་ནི་ལུས་ཀྱི་དྲོད་དང་ཤེས་ཀྱི་རྟེན་དུ་གྱུར་པའི་དབང་པོ་གཙོ་བོ་ཡིན་པ་དང་། བླ་ནི་སྲོག་རྟེན་ཏེ། བླ་མེད་ན་སྲོག་ཡོད་མི་སྲིད་ཙ་ན། གང་ཟག་སུ་ཞིག་གིས་ཀྱང་ང་ལ་བླ་དགོས་ཀྱི་སྲོག་མི་དགོས་ཞེས་ཟེར་མི་སྲིད་ལ། ཡང་ན། ང་ལ་སྲོག་དགོས་ཀྱི་བླ་མི་དགོས་ཀྱང་ཟེར་མི་དཔེ། རྒྱུ་མཚན་བླ་དང་སྲོག་ནི་གཅིག་ལ་གཅིག་བརྟེན་ཡིན་པས་སོ།།

    དེ་ལྟ་ནང་བཞིན། སློབ་གྲྭའི་སློབ་གསོའི་དར་ཆ་སྒྲེང་མཁན་གྱི་དགེ་རྒན་རྣམས་ནི་མ་གཞི་ནས་ལྷག་བསམ་གངས་ལས་དཀར་བའི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་སྐྲུན་པར་ཁས་འཆེས་ན། གང་དེར་གང་ཟག་ཕལ་པ་ལ་མེད་པའི་ཆ་རྐྱེན་ནམ་ཁྱད་ཆོས་གཉིས་ལྡན་ཏེ། དེ་ནི་དཔེ་ཀློག་གི་བླ་དང་སློབ་ཁྲིད་ཀྱི་སྲོག་གོ །དཔེ་ཀློག་གི་བླ་དང་བྲལ་བའི་སློབ་ཁྲིད་ཀྱི་སྲོག་ནི་ཁ་ཕྱོགས་བོར་བའི་ལོང་པ་དང་ཤིན་ཏུ་ཆ་འདྲ་ལ། སློབ་ཁྲིད་ཀྱི་སྲོག་དང་བྲལ་བའི་དཔེ་ཀློག་གི་བླ་ནི་གར་སྟེགས་མེད་པའི་འཁྲབ་གཞུང་ཞིག་དང་ཀུན་ནས་མཚུངས་སོ།།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།